གཉིས་པ་དལ་འབྱོར་གྱི་ལུས་རྟེན་བསྟན་པ་ལ།
༧ ཞིང་ས་བཟང་ལ་ས་བོན་ཐེབས། །
སོ་ནམ་མཁས་ན་འབྲས་བུ་སྨིན། །
དལ་འབྱོར་དད་པའི་ཞིང་བཟང་ལ། །
ཚོགས་བསགས་ལས་བྱས་འབྲས་བུ་སྨིན། །
ཞེས་པས་ནི། དཔེར་ན་ཞིང་ས་གཤིན་པོའམ་བཟང་པོ་ཞིག་ལ་ནས་འབྲས་སོགས་འདེབས་བྱའི་ས་བོན་དེ་ཉིད་བཏབ་པའམ་ཐེབས་ཤིང་། དེ་ལ་ཡང་སོ་ནམ་སྟེ་ཞིང་ལ་ཆུ་གཏང་བ་དང་ལུད་དྲངས་བ་སོགས་ཤིན་ཏུ་ཞིང་ལས་ལ་མཁས་ན། སྟོན་ཁ་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་སྲིད་པ་ལྟར་དུ། དལ་བ་བརྒྱད་དང་འབྱོར་བ་བཅུ་སོགས་དལ་འབྱོར་ཚང་བའི་ལུས་རྟེན་ལ། རྐྱེན་དད་པ་དང་ལྡན་པའི་མི་ལུས་ནི་དཔེར་ན་ཞིང་ས་བཟང་བོ་དང་འདྲ་བས། ཞིང་བཟང་ལ་སོ་ནམ་བྱས་པ་ཅི་བཞིན་ཏུ་དལ་འབྱོར་ལྡན་པའི་ལུས་རྟེན་འདིས་སྟེང་དུ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་ཤིང་། དགེ་བའི་ལས་བྱས་ན་ཞིང་ལ་འབྲས་བུ་སྨིན་པ་བཞིན་ཏུ་དལ་འབྱོར་གྱི་ལས་རྟེན་འདི་ལ་བསྟེན་ནས་འབྲས་བུ་བདེ་བ་དང་ཡིད་དུ་འོང་བ་འབྱིན་པའམ་སྨིན་པ་ཡིན་ནོ།
༧ ལྷ་གནས་མེ་ཏོག་ཚལ་མང་ཡང་། །
ཨུ་དཔལ་མེ་ཏོག་སྐྱེ་བ་དཀོན། །
འགྲོ་བའི་ལུས་ནི་གྲངས་མང་ཡང་། །
དལ་འབྱོར་ལུས་ཐོབ་ཤིན་ཏུ་དཀོན། །
ཞེས་པས་ནི། དཔེར་ན་ལྷ་ཡི་གནས་ན་ནི། ཤར་ན་ཤིང་རྟའི་ཚལ། ལྷོ་རུ་རྩུབ་འགྱུར་ཚལ། ནུབ་ཏུ་ཡིད་འབྱུང་འདྲེས་པར་སྤྱོད་པའི་ཚལ། བྱང་ན་དགའ་བའི་ཚལ་སོགས་ཚལ་བཞི་དང་། གཞན་ཡང་པད་མའི་ཚལ་སོགས་མེ་ཏོག་གི་ཚལ་ཧ་ཅང་མང་ན་ཡང་། ཚལ་དེ་དག་དང་ལྷག་པར་ལྷ་གནས་གང་དུ་ཡང་ཨུ་དཔལ་མེ་ཏོག་ནི་སྐྱེ་བ་ཤིན་ཏུ་དཀོན་པ་ཡིན་ཏེ། སངས་རྒྱས་མི་ཡུལ་དུ་བྱོན་པའི་སྒྲོན་སྐལ་རེ་ལ་རེ་རེ་ཙམ་མ་གཏོག་མི་སྐྱེ་བ་ལྟར་དུ།
སྤྱིར་འགྲོ་བ་ལ་དམྱལ་བ་ཡི་དྭག་བྱོལ་སོང་དང་། མི་ལྷ་མིན་ལྷ་ལ་སོགས་ལུས་རྟེན་ཆུ་ཁའི་བྱེ་མ་དང་ཉི་ཟེར་གྱི་རྡུལ་ལྟར་གྲངས་མང་པོ་ཡོད་ཀྱང་། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ནི་ཤིན་ཏུ་ཐོབ་པ་དཀོན་ཏེ། གྲངས་ཀྱི་མང་ཉུང་དང་རྒྱུ་ཡི་ཁྱད་པར་སོགས་གང་ལ་བསམ་ཀྱང་། ཉིན་མོའི་སྐར་མ་དང་འདྲ་བར་ཐོབ་དཀའ་བ་ཡིན་ནོ། དེས་ན་ད་རེས་ལན་གཅིག་ཐོབ་པ་འདི་ཧ་ཅང་ངོ་མཚར་ཆེ་བ་ཡིན་པས་དལའབྱོར་ཆུད་ཟོས་སུ་མ་སོང་བར་བྱེད་པར་ཤུག་ལ་བསྐུལ་བའོ།
༧ གསེར་ཟོ་མེད་ན་སེང་གེ་ཡི། །
འོ་མ་ཡོད་ཀྱང་མི་ཐུབ་ལྟར། །
དལ་བརྒྱད་འབྱོར་བཅུ་མ་ཐོབ་ན། །
སངས་རྒྱས་འདོད་ཀྱང་སྣོད་མེད་དོ། །
ཞེས་པས་ནི། དཔེར་ན་རྒྱུ་གསེར་ལས་གྲུབ་པའི་ཟོ་བ་ཞིག་མེད་ན། སེང་གེ་དཀར་མོའི་འོ་མ་ཡོད་ན་ཡང་མི་ཐུབ་པའམ་མི་ཚོགས་པ་ནང་བཞིན་ཏུ།
དལ་བ་བརྒྱད་ནི། དམྱལ་བ་ཚ་གྲང་གིས་གཟིར་བས་བོན་བྱེད་མི་ཁོམ་པ་དང་༡། ཡི་དྭགས་བཀྲེས་སྐོམ་གྱིས་གདུངས་བས་བོན་བྱེད་མི་ཁོམ་པ་དང་༢།
བྱོལ་སོང་གླེན་ལྐུགས་དང་བཀོལ་སྤྱོད་ཀྱིས་བོན་བྱེད་མི་ཁོམ་པ་དང་༣།
ལྷ་ཚེ་རིང་པོར་དགེ་སྡིག་གི་འདུ་ཤེས་མེད་པས་བོན་བྱེད་མི་ཁོམ་པ་དང་༤།
སངས་རྒྱས་ཀྱིས་ཞིང་སྟོང་པ་རྣམས་མུན་བསྐལ་དུ་གྱུར་པས་བོན་བྱེད་མི་ཁོམ་པ་དང་༥། མཐའ་འཁོབ་དང་ཀླ་ཀློ་རྣམས་སངས་རྒྱས་ཀྱི་བསྟན་པ་མེད་པས་བོན་བྱེད་མི་ཁོམ་པ་དང་༦། དིག་པ་དང་ལྐུགས་པ་རྣམས་རྣམ་ཤེས་ལས་སུ་མ་རུང་བས་བོན་བྱེད་མི་ཁོམ་པ་དང་༧། ལོག་ལྟ་ཅན་རྣམས་ནི་རྒྱུད་ལོག་ལྟས་བསླད་ནས་བོན་བྱེད་མི་ཁོམ་པ་དང་བརྒྱད་ལ་མི་ཁོམ་པའི་གནས་བརྒྱད་ཟེར་ཞིང་དེ་བརྒྱད་ལ་མ་སྐྱེས་པ་ནི་ཁོམ་པའམ་དལ་བ་སྟེ་དགེ་བ་སྒྲུབ་པ་ལ་ཁོམ་པ་ཡིན་ཞིང་། འབྱོར་བ་བཅུ་ནི། ད་རེས་ཐོབ་པ་དཀའ་བ་མིའི་ལུས་རྟེན་རྙེད་པ་ནི་མི་ལུས་རྟེན་གྱི་འབྱོར་བ་དང་༡། སྐྱེ་དཀའ་བ་འཛམ་བུའི་གླིང་གི་དབུས་སུ་སྐྱེས་པ་ནི་གནས་གཙང་ཡུལ་གྱི་འབྱོར་བ་དང་༢། དབང་པོ་སྒོ་ལྔ་ཚང་ཞིང་གླེན་ལྐུགས་སོགས་མ་ཡིན་པ་ནི་དབང་པོ་ཡོན་ཏན་གྱི་འབྱོར་བ་དང་༣། དགེ་བ་ལ་མོས་པའི་བསམ་པ་སྐྱེས་པ་ནི་ཁྱད་པར་བློ་སྟོབས་ཀྱི་འབྱོར་བ་དང་༤། བློ་ཁ་བོན་ལ་ཕྱོགས་པ་ནི་དད་པ་མོས་འདུན་གྱི་འབྱོར་བ་དང་ལྔ་ནི་
རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་འབྱོར་ལྔ་དང་།
ད་རེས་འཕྲོད་པར་དཀའ་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་དང་འཕྲོད་པ་ནི་སྟོན་པ་སངས་རྒྱས་ཀྱི་འབྱོར་བ་དང་༡། དེས་བོན་གྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ནི་སྡེ་སྣོད་བཀའ་ཡི་འབྱོར་བ་དང་༢། བསྟན་པ་དེ་ཡང་གནས་ཚད་ཀྱི་ཡུན་མ་རྫོགས་པར་གནས་པ་ནི་ཁྱད་པར་དུས་ཀྱི་འབྱོར་བ་དང་༣། དེ་སྟོན་པའི་བཤེས་གཉེན་བླ་མ་ཡང་བཞུགས་པ་དང་རང་ལ་དེའི་རྗེས་སུ་འཇུག་པའི་བློ་སྟོབས་ཡོད་པ་ནི་རང་གི་སྐལ་བའི་འབྱོར་བ་དང་༤།
བོན་བསྟན་པའི་བླ་མདེ་ཉིད་སེམས་ཅན་གྱི་དོན་ལ་ཐུགས་བརྩེ་བ་དང་ལྡན་པ་ནི་ལྷག་པ་ཐུགས་རྗེའི་འབྱོར་བ་སྟེ་ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ཞེས་བྱ་ཞིང་། དེ་འདྲའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་མ་ཐོབ་ན། སངས་རྒྱས་སྒྲུབ་པར་འདོད་ཀྱང་སངས་རྒྱས་སྒྲུབ་བྱེད་ཀྱི་གདམས་པ་འཆད་སའི་སྣོད་མེད་པ་ཡིན་པས་སངས་རྒྱས་སྒྲུབ་མི་ཐུབ་པ་ཡིན་ནོ། དེ་ལྟར་དལ་འབྱོར་བསྟན་པའི་དགོས་པ་ནི། དགེ་ལ་འཇུག་སྙམ་གྱི་བློ་སྐྱེ་བར་བྱེད་པ་དང་། རང་ཉིད་ཀྱི་མི་ལུས་ཆུད་ཟོས་སུ་མི་གཏོང་བ། འཁོར་བའི་གནས་ལ་འཇུག་འདོད་ཀྱི་བློ་ལྡོག་པ་སོགས་ཡོད་དོ། དེས་ན་དལ་འབྱོར་ལྡན་པའི་མི་ལུས་ནི་ཡིད་བཞིན་ནོར་བུ་ལྟར་དུ་དགོས་འདོད་འབྱུང་ལ་ཕན་བདེ་སྒྲུབ་པའི་རྟེན་ཁྱད་པར་ཅན་དང་། ཐར་པའི་གྲུ་གཟིངས་དང་འཁོར་བའི་གཏིང་རྡོ་ཡིན་པ་ཤེས་ནས་དགེ་སྡིག་བླང་དོར་དང་དལ་འབྱོར་དོན་ཡོད་བྱ་བ་ཤིན་ཏུ་ནས་ཀྱང་གལ་ཆེའོ། གཞུང་དོན་གཉིས་པ་དལ་འབྱོར་གྱི་ལུས་རྟེན་བསྟན་པའོ།