སྤྱིར་ན་ལོ་ངོ་སྟོང་ཕྲག་དུ་མའི་རིང་འཇིག་རྟེན་ཆེས་མཐོ་བའི་གནས་སྟེ་འཛམ་གླིང་ཡང་རྩེ་རུ་འབོད་པའི་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདིར་གནས་སྡོད་བྱས་པའི་བོད་རིགས་མི་དམངས་ཀྱིས་ཁོར་ཡུག་དང་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད།ཡུལ་དུས་རང་བཞིན་དང་འཚམ་པའི་འཚོ་བའི་ཉམས་མྱོང་སྣ་ཚོགས་ཕྱོགས་སྡོམ་བྱས་ནས་མཚར་སྡུག་འོད་སྟོང་འབར་བའི་རིན་ཐང་ཅན་གྱི་ཤེས་རིག་མང་པོ་སྐྲུན་མྱོང་ཡོད་ལ།ཁྱད་པར་མི་རབས་མང་པོར་འཚོ་སྡོད་བྱས་པ་བརྒྱུད་བཟའ་བཏུང་ཐད་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ཡོད་པའི་ཟས་མང་པོ་ཡོད་དེ།གཤམ་ལ་བོད་ཀྱི་ཟས་མཆོག་སྤྲང་དཀར་རྩམ་པའི་ཕན་ཡོན་རགས་ཙམ་བོད་ལུགས་གསོ་རིག་དང་འབྲེལ་ཏེ་བརྗོད་པར་བྱ་སྟེ།
༡ སྦྲང་དཀར་རྩམ་པ་ཞེས་པའི་མིང་གི་ཐོགས་ཚུལ།
སྦྲང་དཀར་རྩམ་པ་ཞེས་འདོགས་དགོས་དོན་གཙོ་བོ་ནི་ ཟས་རིགས་འདིར་བཅུད་ཆེ་བ་དང་ཁ་མདོག་ལ་བལྟོས་ནས་བཏགས་པའི་དཔེ་དོན་མཉམ་སྦྱོར་གྱི་མིང་ཞིག་ཡིན་པར་སྣང་ལ། རྒྱུ་མཚན་ནི་གསོ་རིག་རྒྱུད་བཞིར་བཅུད་ཧ་ཅང་འཛོམས་པོ་ཡོད་ཕྱིར་སྦྲང་དང་བུ་རམ། ཆང་། ཅོང་ཞི་བྲག་ཞུན་བཅས་ལྔ་ལ་རྩི་ལྔ་དྭངས་མ་བཞི་ཞེས་འབོད་པ་དང་། བཤད་སྲོལ་ལ་སྦྲང་རྩི་དཀར་པོ་དེ་སྦྲང་རྩི་ནང་གི་ཡག་ཤོས་ཡིན་པར་བཤད་པས་རྩམ་པར་བཅུད་ འཛོམས་པོ་ཡོད་པའི་ཆེ་བ་བརྗོད་ཕྱིར་དང་རྩམ་ཕྱེ་མདོག་དཀར་པོ་ཡིན་པའི་ཆ་ནས་སྦྲང་དཀར། རྩམ་པ་ཞེས་པ་ཕྱེ་མར་གོ་བ་ལ་དེ་དག་རྒྱུ་མཚན་བྱས་ནས་སྦྲང་དཀར་རྩམ་པ་ཞེས་བཏགས་པར་བསམ།
༢ རྩམ་པའི་ཕན་ཡོན་བརྗོད་པ།
བོད་ཟས་གཙོ་བོ་རྩམ་པ་ནི་བཟའ་བཏུང་དུ་སྤྱད་དེ་ལྟོ་བ་འགྲངས་བྱེད་གཅིག་པུ་ཙམ་མ་ཡིན་པར།དེ་ལ་མིའི་ལུས་ཁམས་དང་བསྟུན་ཏེ་གཟུགས་གཞིའི་འབྱུང་ཁམས་གསོ་བ་སོགས་ཀྱི་ཕན་ནུས་ཀྱང་མངོན་སུམ་དུ་ཡོད་ཅིང།རྩམ་པ་ཟས་རིགས་གཞན་དག་དང་བསྡུར་ན་རོ་བཅུད་ཤིན་ཏུ་ཆེ་སྟབས་བཀྲེས་ལྟོགས་སེལ་བའི་དུས་ཡུན་རིང་ཞིང་གཟུགས་གཞི་ལ་འཕྲོད་པ་མ་ཟད། གཞན་ལུས་ཁམས་ཀྱི་ནད་རིགས་ཀྱང་མང་པོ་སེལ་བའི་ཕན་ནུས་ཡོད་པ། དེ་ལ་བོད་དམངས་ཁྲོད་ཀྱི་ངག་རྒྱུན་དུ། ཆམ་ནད་ཕོག་ན་རྩམ་པ་ཟོ་ཞེས་ཆམ་པའི་ནད་སོགས་ཕོག་སྐབས་རྩམ་པ་ཟོས་ན་ཕན་ཐོགས་ཡོད་པའི་བཤད་སྲོལ་ཡོད་པ་དང་ལོ་ལོན་རྒན་འཁོགས་སོགས་ལ་རླུང་ནད་བྱུང་ན་རྩམ་ཁུ་བསྐོལ་ཏེ་འཐུང་ན་ཕན་པ།རླུང་ཁ་མཐོ་བའི་མི་ལ་རྩམ་པས་བདུག་བརྒྱབ་ན་ཤིན་ཏུ་ཕན་པ་སོགས་དམངས་ཁྲོད་དུ་བཤད་ལ་ལན་ལེན་ལས་ཀྱང་ཕན་ནུས་ཆེ་བ་ཤེས་ཐུབ།བོད་ལུགས་གསོ་རིག་གི་གཞུང་ལུགས་སུའང་བཀོད་ཡོད་དེ།གསོ་རིག་རྒྱུད་བཞི་ལས།ནས་དཀར་རྩུབ་བསིལ་ལྕི་མངར་ཁོང་ཅུང་འཁྲོག།བཤང་བའི་རླུང་འཕེལ་རོ་ཙ་བརྟས་པར་བྱེད།།གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང་།།ལུད་པ་དབུགས་མི་བདེ་བ་སེལ་བར་བྱེད།། ཅེས་གསུངས་པ་ལ་གཞིགས་ན་དམངས་ཁྲོད་དུ་སྤྱོད་པའི་ཐབས་ཤེས་དེ་དག་བཤད་སྲོལ་ཙམ་མ་ཡིན་པར་གཞུང་ལུགས་ཀྱི་གཞི་བཅོལ་སའང་ཡོད་པ་ཤེས་གསལ་བྱུང་ཐུབ།དེ་མིན་ངལ་དུབ་ཀྱིས་རོ་སྟོད་དང་ཡན་ལག་སོགས་ན་བར་རྩམ་ཕྱེ་ཡིས་བྱུགས་བརྒྱབ་ན་ཕན་པ་བཅས་ངལ་རྩོལ་མང་ཚོགས་ཁྲོད་དུའང་རྩམ་པ་ལ་བརྟེན་ནས་ནད་བཅོས་བྱེད་ཐབས་སྣ་ཚོགས་ཤིག་ཡོད་པ་དག་ཀྱང་དེ་བཞིན་གསོ་རིག་རྒྱུད་བཞི་གཙོ་བྱས་པའི་བོད་ལུགས་གསོ་རིག་གི་གཞུང་ཁག་ཏུ་རྩམ་པའི་རྒྱུ་ནས་ཀྱི་ཕན་ཡོན་སྐོར་མང་དུ་གསུངས་ཡོད་དེ།རྒྱུད་ལས།ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་བསྐྱེད་མཆོག།ཅེས་དང་།ཤེལ་གོང་ཤེལ་ཕྲེང་ལས།ནས་སྔོན་བསྲེགས་པས་གློ་བའི་ནད་ལ་ཕན།།ཞེས་ནས་ཀྱི་རིགས་མི་འདྲ་བའི་བཟོས་པའི་རྩམ་པའི་ནུས་པའང་མི་འདྲ་བ་ཐོན་གྱིན་ཡོད་པ་ཤུགས་ལས་རྟོགས་ཐུབ་ཅིང་།དེ་མིན་ད་དུང་བོད་ལུགས་གསོ་རིག་གི་སྨན་གཞུང་དུ་ར་མཉེ་རྩ་བ་སྟོན་དུས་བརྐོས་པ་དག་གཙང་སེལ་གྲིབ་སྐམ་བྱས་པའི་ཕྱེ་མ་རྩམ་པ་དང་བསྲེས་ནས་ཐུག་པ་དང༌། ཟན་ཆང་བསྐོལ་ཏེ་བསྟེན་པས་ཆུ་སེར་གྱི་ནད་ལ་ཕན་པ།རྒས་ཀ་སྲ་བ དེ་མིན་གག་ལྷོག་གཟེར་གསུམ་སོགས་གཉན་རིམས་ཀྱི་རིགས་གློ་བུར་དུ་བྱུང་བ་ཡིན་ན་གྲོ་ཕྱེ་དང༌། ནས་ཕྱེ། རྩམ་ཕྱེ་སོགས་ཀྱི་ཕན་པ།གཞན་སྙིང་ནད་དང་བུད་མེད་ཀྱི་ཆུ་སྐྲངས་ནད་སོགས་ལའང་རྩམ་པས་བཅོས་ཐུབ་པའི་ནད་རིགས་མང་པོ་ཡོད་པར་གསུངས་འདུག་པས། རང་དང་ནང་མིའི་བདེ་ཐང་གི་ཆེད་དུ་བོད་ལུགས་སྨན་གཞུང་ཁག་ཏུ་གཟིགས་ནས་འབྲེལ་ཡོད་ཀྱི་ཤེས་བྱ་དག་བསླབ་པ་དགོས་པ་ཆེན་པོ་ཡོད་པར་བསམ།
མདོར་ན་རང་ཅག་ཁ་བའི་ལྗོངས་སུ་བོད་ཟས་རྩམ་པ་གཙོ་བྱས་པའི་ཟས་རིགས་མང་པོ་ཡོད་ལ།དེར་དང་འབ྄ེལ་ཡོད་ཀྱི་རིག་གནས་མང་པོ་ཞིག་ཀྱང་གནའ་ནས་ད་ལྟའི་བར་བྱུང་ཡོད་པ་རེད།དེར་འབྲེལ་དེང་གི་དུས་རབས་འདིར་བོད་མི་རིགས་ཀྱི་ཁ་ཟས་གཙོ་བོ་རྩམ་པ་ནི་མཐོ་སྒང་གི་རི་ལུང་འདི་ལས་ཕར་བརྒལ་ཏེ་ད་ཆ་ནུབ་ཕྱོགས་ཀྱི་སྟོབས་འབྱོར་རྒྱལ་ཁབ་མང་པོར་དར་སྤེལ་བྱས་དང་བྱེད་བཞིན་ཡོད། བྱས་ཙང་ཁོ་བོས་གོང་དུ་བོད་ཟས་རྩམ་པའི་སྐོར་ནས་གཙོ་ཆེ་བ་འགའ་བོད་ལུགས་གསོ་རིག་དང་འབྲེལ་ནས་རགས་རིམ་ཙམ་ཞིག་ལས་བརྗོད་མེད་པས། ཞིབ་ཅིང་རྒྱས་བ་འབྲེལ་ཡོད་ཡིག་ཆ་གཞན་རྣམས་སུ་གཟིགས་རྒྱུ་དང༌། ནང་དོན་ཁྲོད་ནོར་ཉེས་ཀྱི་ཆ་མང་པོ་ཞིག་ཡོད་སྲིད་པས་ཐུགས་འགལ་མེད་པར་ཀུན་གྱིས་དགོངས་འཆར་གནང་བར་ཞུ།།
སླར་སྨྲས་པ།
ཕྱི་ཡི་སྣོད་ཀྱི་བཅུད་ལས་འཚར་བའི་ནས།།
ནང་གི་སྲོག་གི་རྩི་ལས་ཐོན་པའི་མར།།
གངས་ཀྱི་ཆབ་དང་མཉམ་པར་བསྲེས་པའི་ཟས།།
སྦྲང་དཀར་རྩམ་པ་ཟས་དང་སྨན་གྱི་མཆོག།།
རོང་གི་དམངས་ཀྱི་རྔུལ་ལས་ཐོན་པའི་ནས།།
འབྲོག་པའི་མི་ཡི་ངལ་ལས་བསགས་པའི་མར།།
གངས་ཀྱི་ཆབ་དང་མཉམ་པར་བསྲེས་པའི་ཟས།།
སྦྲང་དཀར་རྩམ་པ་ཟས་དང་སྨན་གྱི་མཆོག།།
རྩོམ་ཁུངས། བློ་བཟང་ཚན་རྩལ་དྲ་བ།