སྟོང་གསུམ་འཇིག་རྟེན་ཆེན་མོ་འདི་རུ།།
མགོ་བདེ་ཁ་ཡག་བྱེད་མཁན་མང་གི།།
བུ་ང་རང་གི་སྲོག་ལྟར་གཅེས་མཁན།།
རིན་ཆེན་མ་ལོ་མ་གཏོགས་མི་འདུག།།
ད་ལྟའི་ཨ་མའི་པང་དང་བྲལ་ནས།།
མི་ཡུལ་ས་མཐའ་སླེབས་པ་འདྲ་བྱུང།།
བུ་ང་ཨ་མ་དྲན་ཐེངས་རེ་ལ།།
ངུར་སྐད་གཡུ་འབྲུག་གྲཊ་གྲཊ་བྱེད་ཀྱི།།
སེམས་ཀྱིས་བྱམས་ལྡན་ཨ་མ་དྲན་ཡང།།
ལུས་ཀྱི་རང་དབང་བསྒྱུར་ཐབས་བྲལ་སོང།།
ཨ་མ་སྐུ་པར་ལྟ་ནི་མ་གཏོགས་།།
བུ་ང་ཐབས་ཤེས་ཅི་ཡང་མི་འདུག།།
དཀར་ཡག་དཀར་མཛེས་བློ་བཟང་ལགས་ཀྱིས།།
ཨ་མ་ཞེས་པའི་གླུ་འདི་ཉན་དུས།།
ཨ་མ་ང་ཡི་མིག་མདུན་འཆར་བྱུང།།
བུ་ང་དབང་མེད་མིག་ཆུ་བཞུར་ཐལ།།
མ་ལོ་ལགས།
གོང་ལྷིང་འཇགས་ཀྱི་མཚན་མོ་ཁྲོད་ བུ་ང་ཁྱེད་ཉིད་དྲན་པའི་སྐྱོ་ཚིག་འགའ་ནུས་ལྡན་འཕྲིན་ལམ་དུ་འགོད་དགོས་བྱུང།།
ཨ་མ་ངའི་ཡོད་ཚད་ཀྱི་ཡོད་ཚད་ ཁྱེད་ནི་ངའི་སྲོག་ཤིང་ཡིན་ ཁྱེད་ནི་ངའི་སྙིང་གི་ནོར་བུ་ཡིན་ ང་འདྲ་བའི་ཚེ་སྲོག་ཆུང་ཆུང་དེ་མི་ཡུལ་དུ་འདྲེན་བ་སྐུ་ལས་ཁག་སོང་ ང་འདྲ་བའི་རྟ་རྒོད་འཚོ་སྐྱོང་གནང་བ་འོ་རེ་རྒྱལ་སོང་ བྱམས་ལྡན་གྱི་མ་ལོ་ལགས་བུ་ང་ས་ཕྱོགས་གང་དུ་ཕྱིནའང་དང་པོ་ཁྱེད་ཉིད་དྲན་གི་ ངོ་མ་དྲན་གི་ བུ་ངས་ཁྱེད་ཉིད་ལ་སྐྱེ་བ་འདི་དང་ཐ་ན་སྐྱེ་བ་ཕྱི་མ་ཡང་ཁྱེད་ཉིད་ལ་ ཨ་མ་ ཨ་མ་ ཨ་མ་ཞེས་འབོད་འདོད་སོང།
ངའི་ཡིད་སེམས་ཀྱི་གངས་དཀར་ལྷ་མོ་ཁྱེད་ཉིད་སྐུ་ཚེ་ཆུ་མོ་ལས་རིང་བ་སྨོན། ཨ་མ་་་་་་་་་་་་་་་་་་་་་་་་་་་་་་་་་་་