
བར་སྐབས་འདིར་ངས"རྒོད་པོ་དང་ནམ་མཁའ"བཀླགས་ཚར་ཞིང་"ནེ་ལེར་བགྲོ་བའི་གཏམ"ཡང་མང་དུ་བཏོན། མིག་ལམ་དུ་འཆར་འོང་བ་ནི"རྐང་ལམ་ཕྲ་མོ"དང"དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ"རེད། སྐད་ཆ་འདི་དག་ངས་ཤགས་གཏམ་དུ་བཤད་པ་མིན་ལ། ཕོ་ཚོད་ཀྱིས་ལབ་པའང་མིན། ང་ལ་མཚོན་ན། རྩོམ་རིག་དང་སྙན་ངག་ཅེས་པ་ནི་རི་རབ་དང་རྒྱ་མཚོ་ཡིས་བཅད་ཅིང་། ཤེས་རབ་དང་བརྩོན་འགྲུས་ཀྱིས་བར་ཐག་རིང་དུ་ཆོད་ཡོད་པས། སྟོང་སྐད་ཅིག་ག་ལ་རྒྱག་ཕོད། རེད་དེ། གོང་དུ་སྨོས་པའི་སྙན་ངག་དེ་དག་ང་ལ་མཚོན་ན་སྙིང་གི་ཟབ་སར་གནས་པའི་དྭངས་ཁྲག་དང་སེམས་པའི་ཀློང་དུ་འབར་བའི་ཀོང་བུ་ཞིག་ཏུ་སེམས་ཀྱིན་ཡོད། དེ་བས། ངས་ཆེ་བརྗོད་དང་མཐོ་སྐད་ཙམ་མ་ཡིན་པར་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་སྙན་ངག་འདི་དག་རྩོམ་རིག་སྨྲ་བའི་བོད་གཞོན་དག་གི་ཟད་མཐའ་མེད་པའི་ལོངས་སྤྱོད་ཀྱི་ནོམ་པ་ཞིག་ཏུ་རིས་མེད་ཀྱིས་བགྲང་ཆོག་པ་འདྲ་བས། འདི་ནི་ཁོང་ཚོའི་འབད་པ་དང་། ང་ཚོའི་མིག་དཔེ་ཡིན་པ་འདྲ།
ཨ་རོགས་མྱི་ལྡང་ཆ་ག དེ་རིང་ངས་རང་གི་སྐྱོན་ཆ་ཡོད་ཚད་གབ་ཏུ་སྦས་ཏེ། ཁྱོད་ཚོ་དང་ཁྱོད་ཚོས་བྲིས་ཚར་བའི"མིག་རླག་ཡིག་འབྲུ"དེ་ཚོ་ལ་དཔྱད་པ་ཞིག་བྱས་ན། ཁྱོད་ཚོས་སླར་ཡང་ང་ལ"མིག་རླག་ཡིག་འབྲུས"རྒོལ་ལན་མི་སྤྲོད་རོགས་ཞུ།དྲང་མོར་བཤད་ན། ངས་ཁྱེད་ཚོར་སྡིགས་མོ་མི་འོས་ཤིང་སྐྱོན་བརྗོད་མི་ཕོད། མཚང་འདྲུ་ག་ལ་ཕོད། རེད་དེ། ལག་པ་བྲང་ཁར་བཞག་སྟེ། བསམ་གཞིགས་ཞིབ་མོར་བརྒྱབ་ཐེངས་རེར་"སྙན་ངག་པའི་མིང་ལ་མཐོང་ཆེན་དེ་འདྲ་མ་བྱེད"ཅེས་པའི་ཚིག་འབྲུ་འགའ་ཡིད་ལ་འཁོར་ཞིང་། དེ་ལས་ངས་ཁྱོད་ཚོའི་ནག་ཉེས་ལ་གཟོད་ཐུབ་བྲལ། ཁྱོད་ཚོས་དུས་རྒྱུན་དུ་རང་ཉིད་ནི་སྙན་ངག་པ་ཞིག་ཡིན་ཟེར་ཞིང་། རང་གིས་བྲིས་པ་མཐའ་དག་སྙན་ངག་ཡིན་ཞེས་ལབ་པ་མང་དུ་ཐོས། འདི་ནི་ཁྱོད་ཚོས་ཇི་ལྟར་བསམས་ཏེ་བཤད་ཡོང་བ་ངས་ད་རུང་ཡང་འདང་མ་ཕོག དོན་དམ་པར་ཁྱོད་ཚོས་རང་ཉིད་ལ་བྱིན་པའི་རྩིས་མཐོང་དེས། ཁྱོད་ཚོ་ལ་ཡིད་སིམ་པའི་སྣང་བ་ག་ཚོད་གནངས་བྱུང་།
ཁྱོད་ཚོས་དྲ་འབུ་མང་བོ་ཞིག་འཚོལ་ཞིང་དྲ་སྟེགས་མང་པོ་ཉུལ་རྗེས། ཁ་ཡག་དང་ངོ་དགའ་བཤད་བཤད་མཐར། ངའི་སྙན་ངག་ཅེས་མིང་ཆེན་པོ་ཞིག་བཀོད་ཚར་རྗེས་ད་བཟོད་སྙན་ངག་ཅིག་གྲུབ་ཚར་བར་སེམས་ཤིང་། ཡི་གེའང་འདོན་མི་ཤེས་པའི་འབྲོག་པ་རེ་འགའ་དང་སློབ་ཆེན་སྒོ་ཐེམ་རྐང་པས་མ་ནོན་པའི་སློབ་མ་རེ་འགའ། བཀའ་བསྟན་གྱི་གླེགས་ཐག་མི་ཞིག་པའི་བན་ཏེ་རེ་འགས། ཁྱོད་ཚོར་ངོ་བསྟོད་ཀྱི་མཆན་ཡིག་ཙམ་དང་གཟེངས་བསྟོད་ཀྱི་སྙིང་དམར་ཙམ་མནན་པས། ཚོར་བས་བཟི་ཞིང་སྤྲོ་བས་ཁྱབ་འགྲོ་བ་འདིས་ཁྱོད་ཚོ་དང་སྙན་ངག་གི་འཇིག་རྟེན་ཁ་ཐག་ཤིན་ཏུ་རིང་བར་ཤེས་ཐུབ་ལ། ཁྱོད་ཀྱིས་ཅིའི་ཕྱིར་དུ"མིག་རླག་ཡིག་འབྲུ"དེ་དག་འབྲི་དགོས་པའི་ཉིང་དོན་ཡང་རྟོགས་ཐུབ་པས། ནོར་འཁྲུལ་འདི་ཅིས་ཀྱང་རྒྱངས་སྤྲོད་དགོས་སྙམ།
ད་རུང་ཡང་། ལོང་བས་ལོང་ཁྲིད། མཐོན་པོ་ངོ་དགའ། ལད་ཟློས་བཤུས་བྲིས། ཆེ་འདོད་ཁེངས་དྲེགས། ཚུལ་འཆོས་གྲག་འདོད་སོགས་གཙིགས་སུ་བཟུང་ནས་གད་སྙིགས་ཀྱི་ཚགས་པར། ཡིག་ནོར་གྱི་དྲ་བ། ཉ་ཉོག་གི་སྤྱི་དེབ། བཙན་བྲིས་ཀྱི་དེབ་ཕྲེང་སོགས་འབྱོར་བ་ཆུད་བཟོས་དང་མི་སེམས་རླག་པར་བྱེད་པའི་བརྩམས་ཆོས་ཀྱིས་ཁྱབ་པར་བྱས་ཤིང་། དེ་དག་ལའང་ནན་སྐུལ་གྱི་ཤིས་བརྗོད། ལྟག་བརྫངས་ཀྱི་ངོ་བསྟོད། རྫུན་གཏམ་གྱི་ཆེ་བརྗོད། འུར་བསྟོད་ཀྱི་བརྡ་ཁྱབ་སོགས་ཀྱིས་ཕྲ་ཤན་ནས་ས་ཁུག་ལུང་ཁུག་གི་ཡིག་རྨོངས་པ་དང་ཅི་ཡང་མི་མཁྱེན་པའི་གླེན་ཐོ་རེ་ཟུང་གི་སྤྱན་སྔར་དུ་བསྟར་བ་འདིས། བོད་སྐད་ཡིག་གི་ཚེ་སྲོག་དང་རླབས་ཆེ་བའི་རྩོམ་རིག་གི་བླ་སྲོག་མེ་ལ་བསྲེགས་པ་དང་། ཆུ་ལ་བསྐུར་བ། རླུང་ལ་ཟད་དུ་བཅུག་པ་ལས་མ་མཆིས་པས། ཤེས་རབ་དང་ལྡན་པའི་རྩོམ་པ་པོ་དག་གིས། ཁྱོད་ཚོར་གཉོམ་ཆུང་ཚུལ་མཐུན་གྱིས་བཞུགས་རོགས་ཞེས་མང་དུ་བསྐུལ་བ་དང་། ཁོང་ཚོས་བོད་མི་རིགས་ཀྱི་མ་འོངས་པའི་རྩོམ་རིག་རིང་མོ་འདི་སུ་ཞིག་ལ་དབང་ཐུབ་མིན་ལ་བསམ་གཞིགས་རིང་དུ་གཏོང་བཞིན་པ་མཁྱེན་ནམ།
དེ་བས། བཞུད་ཟིན་པའི་བོད་ཀྱི་སྙན་ངག་པ་ཞིག་གིས། "མ་ཡུམ་གྱི་དཀར་ཡོལ་ནང་དུ་གསོལ་ཇ་ཧུབ་གང་མི་ལྡུག་པ་ཞིག་ལ་སྙན་ངག་མཁན་པོའི་བརྩེ་དུང་ཇི་ལྟར་བརྗོད། པུས་བཙུགས་ནས་ནུ་མ་ནུ་བའི་ལུ་གུ་ལ་ཡང་བསམ་པ་དེ་འདྲ་ཞིག་ཡོད་པ་མིན་ནམ།"ཞེས་དང་། "དུས་རབས་ཀྱི་ཆུ་བོ་རྒྱས་པ་ལ་རླབས་ཕྲེང་གི་སྐུལ་ཤུགས་མི་སྣོན་ན་སྙན་ངག་མཁན་པོའི་སྤྲོ་སེམས་ཇི་ལྟར་བརྗོད།"ཅེས་པས་ཅི་ཞིག་གླེང་ཡོད་པ་ཤེས་ཐུབ་ཅིང་། གཞན་ཡང་། "སྔོན་རབས་པས་རྗེས་རབས་པ་རྣམས་ལ་བཞག་པའི་ལམ་ནི་ནམ་ཡིན་ཡང་ལམ་ཕྱེད་ཅིག་རེད།"ཅེས་པས་ཁོང་ཚོའི་སྙན་ངག་ཀྱང་སྙན་ངག་ཅིག་མ་རེད་ཅེས་ལབ་ཀིན་ཡོད་པ་མིན་ནམ།
ངས་སྙན་ངག་རིང་མོ་འདི་བཀླགས་པས་མ་ཚར་ཅིང་། ལྷུག་རྩོམ་ཐུང་ངུ་འདིའི་བརྗོད་དོན་མཐའ་དག་ཆིག་བསྡོམས་ཤིག་རྒྱག་དགོས་པར་བསམ་ཡང་། འོས་འཚམས་ཀྱི་སྐད་ཆ་ཞིག་མི་འཁྱོང་བས། སླར་ཡང་སྙན་ངག་པ་ཁོང་གི་སྐད་ཆ་ཞིག་དྲངས་ན། "ཀྱེ་ཧུད། སྨྱུ་གུ་དང་སྣག་ཚ་ལས་བསྐྲུན་པའི་རྫུན་ཚིག་གི་ཕྲེང་བར་དེ་འདྲའི་གཟི་དཔལ་ལྡན་པ་ཡིན་ནམ། དུས་རབས་རྗེས་མའི་ན་ཆུང་ལུས་ཁམས་གཙང་མའང་ད་ལྟ་ཉིད་ནས་བརླགས་པ་དེ་ལྟ་ན། སྙན་ངག་པ་ལགས། ཁྱེད་རང་གི་སེམས་ལ་ཅི་འདྲ་ཞིག་བསམས།"