ཉིན་ཐོ།
ཡེ་ཤེས།
ཁ་སང་ཡུན་རིང་མ་འཕྲད་པའི་ཤ་ཉེ་འགའ་ལ་འཕྲད་ཅིང་། ཁོང་ཚོའི་ཐབས་རྡུགས་དང་ཉམ་ཐག་པའི་འཚོ་བ་དེས་ང་རང་ཡང་བསྐྱར་བསམ་གཞིགས་དང་སྐྱོ་གདུང་གི་ཀློང་དུ་དྲངས་སོང་།
རང་ཉིད་ཀྱི་གཤིས་ཀ་འདི་ནི་མ་གཞི་ནས་སྐྱོ་སྡུག་འབྱུང་སླ་བ་ཞིག་ཡིན་པའི་ཁར། འདས་མ་ཐག་པའི་ལོ་འདི་དང་ལྷག་པར་ཉེ་བའི་ཟླ་འགའི་རིང་དོན་དག་ཡར་མར་ཅི་རིགས་ཤིག་བརྒྱུད་པ་ཡིན་པས་ང་ལ་སྔར་བྱུང་མ་མྱོང་བའི་སྐྱོ་གདུང་དང་ཨ་ཐང་ཆད་པའི་ཚོར་བ་སྣ་ཚོགས་བྱུང་བ་དང་། དེ་དག་གིས་སྐུལ་ཏེ་མིའི་གཤིས་དང་མི་ཚེ་སོགས་ལའང་དྲི་བ་སྣ་ཚོགས་སྐྱེས།
ལོ་མང་པོར་ནང་པའི་ཆོས་ལ་སློབ་སྦྱོང་མཛད་པའི་ཤ་ཉེ་ཨ་ཁུ་ལགས་ལྟར་ན་མི་ཚེ་ནི་སྡུག་བསྔལ་གྱི་རྒྱ་མཚོ་རང་ཡིན་ཞིང་། སྡུག་བསྔལ་གང་ཞིག་མཇུག་རྫོགས་པའི་མཐའ་རུ་སྡུག་བསྔལ་གཞན་ཞིག་མཆིས་ཤིང་། དེ་ལྟར་སྡུག་བསྔལ་ལ་རྫོགས་མཐའ་རང་ཡོད་པ་མ་རེད་ཟེར། བསམ་བློ་རགས་མོ་སྒོས་བསམ་གཞིགས་བྱས་པ་ཡིན་ཚེ་བསམ་ཚུལ་འདི་ནི་ཧ་ཅང་མི་ལེགས་པ་དང་ཐབས་རྡུགས་ཤིག་ཡིན་པར་སྙམ་སྲིད་དེ། རྒྱུ་མཚན་ནི་མི་མང་པོ་ཞིག་གིས་ང་ཚོ་མིའི་རིགས་ཀྱིས་རང་ཉིད་ཀྱི་ཐབས་དང་ནུས་པ་ལ་བརྟེན་ནས་རང་ཉིད་ལ་བདེ་སྐྱིད་སྣ་ཚོགས་བསྐྲུན་ཆོག་པས་ན། མི་ཚེ་ནི་མཛེས་སྡུག་དང་བདེ་སྐྱིད་ཀྱི་ཞིང་ཁམས་ཞིག་ཀྱང་ཡིན་ཞེས་བརྗོད་ངེས་རེད།
དེ་སྔོན་ཨ་རིའི་གྲོགས་པོ་གྲོགས་མོ་གང་མང་ཞིག་དང་འབྲེལ་འདྲིས་བྱས་པ་ལས་ཁོང་ཚོའི་གཤིས་ཀ་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ་སོང་བ་སྟེ། ཁོང་ཚོ་ནི་དངོས་གནས་མིའི་རིགས་ཀྱི་ནུས་པ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་མི་རིགས་ཤིག་རེད་དེ། གནད་དོན་དང་དཀའ་ངལ་གང་དང་འཕྲད་ཀྱང་ཁོང་ཚོས་སྤོབས་པ་དང་ཡིད་ཆེས་ཆེན་པོའི་སྒོ་ནས་ང་ཚོས་ཐག་གཅོད་བྱེད་ཀི་ཡིན་ཞེས་བསྒྲགས་པ་རེད། ཁོང་ཚོས་རང་ཉིད་ཀྱི་བྱིས་པར་ཡང་དེ་ལྟར་སློབ་གསོ་གཏོང་བཞིན་འདུག་ཅིང་། ཕྱོགས་མང་པོ་ཞིག་ནས་ཨ་རིའི་རྒྱལ་ཁབ་འདི་ཧ་ཅང་སྟོབས་དང་ལྡན་པ་ཞིག་ཡིན་པའང་དེར་ཐུག་ཡོད་ངེས་སྙམ།
ཡིན་ཡང་མིའི་རིགས་ཀྱི་ངལ་རྩོལ་དང་ཀླད་ཤུགས་ཀྱིས་བསྐྲུན་ནུས་པའི་ཕྱིའི་སྟོབས་འབྱོར་དང་ཐབས་ཀྱིས་བསྐྱེད་པ་ཡོད་ཚད་ཡོངས་སུ་ཕར་གཡུགས་ཏེ། སེམས་པ་ནང་ལ་ཕྱོགས་ཏེ་བསམ་གཞིགས་ནན་མོ་ཞིག་བྱས་པ་ཡིན་ཚེ་ཨ་ཁུ་ལགས་ཀྱིས་གསུངས་པ་དེ་ནི་བདེན་ལུགས་ཤ་སྟག་ཅིག་ཡིན་ངེས་སྙམ་སྟེ། མིའི་རིགས་ཀྱིས་གནའ་ནས་ད་བར་གནད་དོན་གང་མང་ཐག་གཅོད་བྱས་ཏེ། རང་ཉིད་ཀྱི་འཚོ་བར་སྔར་བྱུང་མ་མྱོང་བའི་སྟབས་བདེ་ཞིག་བསྐྲུན་ཡོད་ཀྱང་། ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་རྗེས་ཀྱི་དེ་རིང་ཡང་སྔར་བཞིན་སྡུག་བསྔལ་མེད་པའི་འཚོ་བ་ཞིག་རོལ་ཐབས་བྲལ་བ་འདིས་ཡོད་ཚད་གསལ་བཤད་བྱེད་ཐུབ་སྙམ།
ང་ཚོས་ཡོད་ཚད་ལ་མཉམ་འཇོག་ཞིབ་མོ་དང་བསམ་གཞིགས་ནན་མོ་བྱས་ཏེ་ངེས་པ་དོན་གྱི་བསམ་ཤེས་ཤིག་བྱེད་མ་ཐུབ་པ་ཡིན་ཚེ། མི་ཚེ་ནི་དངོས་གནས་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་ཡིན་ངེས་སྙམ།
ཉིན་འགའ་སྔོན་ཨ་ཁུ་ལགས་དང་གླེང་མོལ་བྱས་པ་ལས་ཤེས་པ་ལྟར་ན། ནང་པའི་ཆོས་སུ་འཇིག་རྟེན་འདིར་སྙིང་བོ་གང་ཡང་མེད་ཅིང་། སྙིང་པོ་ཡོད་པའི་དོན་དེ་ནི་ཐར་བ་བསྒྲུབ་རྒྱུ་དེ་ཡིན་ཟེར། སྐད་ཆ་དེར་ངས་རང་ངོས་ནས་གོ་བ་བདེ་མོ་ཞིག་བླངས་པ་ཡིན་ཏེ། ནང་སེམས་ཀྱི་འཇིག་རྟེན་དེ་རྩ་བ་ཉིད་ནས་དོར་ཏེ་ཕྱི་རོལ་གྱི་དངོས་པོ་ག་གེ་མོར་ཇི་ལྟར་ཤི་འཐམས་རོ་འཐམས་བྱས་རུང་དེ་ནི་སྡུག་བསྔལ་ཞིག་ལས་མ་འདས་པས། གཙོ་བོ་ནང་སེམས་དང་བསམ་པའི་གོ་རྟོགས་ཇེ་མཐོར་བཏང་སྟེ་སེམས་ཀྱི་ཐར་བ་ཞིག་ལ་འབད་དགོས་ཞེས་པ་མིན་ནམ་སྙམ་སོང་། ཡིན་ཡང་འདི་ནི་རང་དང་འཚམ་པའི་གོ་བ་ལེན་སྟངས་ཙམ་ཞིག་ཡིན་པ་ལས། དམ་པའི་ཆོས་ཀྱི་ནང་དོན་ནི་ཧ་ཅང་གཏིང་ཟབ་ཅིང་བདག་བློས་དཔག་དཀའ་བ་ཞིག་ཡིན་ངེས་རེད།
འདས་མ་ཐག་པའི་ལོ་དེར། འགལ་ཟླ་དང་དཀའ་ངལ་སྣ་ཚོགས་ཀྱི་ཁྲོད་ནས་ད་གཟོད་མི་ཚེའི་ངོ་བོ་ངོ་མ་དེའི་ཟུར་ཙམ་རྟོགས་པར་གྱུར་པ་དང་དོན་དག་གང་མང་ཞིག་ཨ་རི་བ་ཚོས་བརྗོད་པ་ལྟར་རང་དབང་ལ་འོང་བ་ཞིག་གཏན་ནས་མིན་པ་རྟོགས། བསམ་བློ་དེ་ལྟར་བཏང་དུས་རང་གཞན་གཉིས་ཀྱི་སྟེང་བྱུང་དང་འབྱུང་བཞིན་པའི་དོན་དག་མང་པོ་ཞིག་ནི་ལས་དབང་ཟེར་བ་དེར་གཏུགས་པ་ལས། དེ་དག་ལ་འགྲེལ་བཤད་བྱེད་སྟངས་གཞན་ཞིག་གཏན་ནས་རྙེད་ཐུབ་ཀྱི་མི་འདུག
དེ་སྔོན་སློབ་གྲྭ་རུ་སྡོད་དུས་སྤྱི་ཚོགས་དང་མི་ཚེའི་ཉོག་དྲ་དེ་འདྲ་མ་བརྒྱུད་པའི་རྐྱེན་གྱིས། རྟག་པར་སྙན་ངག་དང་སྒྱུ་རྩལ་གྱི་མིག་མདངས་ཞིག་གིས་ཡོད་ཚད་ལ་བལྟས་པ་ཡིན་པས་ན། མིག་ཟུང་དང་སེམས་པ་ཡོངས་རྫོགས་འཚོ་བའི་མཛེས་སྡུག་དང་རེ་བས་ཁེངས་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་ཧུར་བརྩོན་སྒོས་དྲང་བདེན་དང་བྱམས་བརྩེ། མཛེས་སྡུག་སོགས་ཀྱིས་ཁེངས་ོཔའི་ལམ་བུ་ཞིག་བརྩོན་ལེན་བྱས་ན། འཚོ་བ་འདི་སྒྱུ་རྩལ་ཞིག་དང་འདྲ་བར་མཛེས་སྡུག་སྟོང་གིས་ཕྱུག་ཡོད་ངེས་རེད་སྙམ། ཡིན་ཡང་འདས་མ་ཐག་པའི་ལོ་དེར། དཀའ་ངལ་དང་ཉོག་དྲ་མི་ཉུང་བ་ཞིག་བརྒྱུད་མཐར་མི་ཚེ་འདིར་འུ་ཐུག་ཐབས་ཟད་དུ་གཏོང་བའི་དོན་དག་གང་མང་ཞིག་མཆིས་ཤིང་། དེ་དག་གི་མདུན་དུ་རྗེས་མར་ལམ་བདེ་མོ་ཞིག་དང་འཕྲད་པར་སྨོན་ལམ་རེ་བཏབ་སྟེ་འདུག་པ་ལས་ཐབས་གཞན་ཅིའང་མེད་པ་རྟོགས་ཡོང་།
ཐེ་ཀོར་གྱི་སྙན་ངག་ཅིག་ཏུ་ང་ཚོས་འཇིག་རྟེན་འདིའི་ངོ་བོ་ངོ་མ་དེ་མ་རྟོགས་པར་དེས་རང་ཉིད་ལ་བསླུ་བྲིད་བཏང་བར་བསམས་པ་རེད་ཅེས་པའི་གསུངས་ཤིག་འདུག་ཅིང་། དེ་ནི་ནང་ཆོས་ཀྱི་དགོངས་པའང་ཡིན་པ་ཉིན་ཁ་ཤས་སྔོན་དུ་ཨ་ཁུ་ལགས་ཀྱིས་ཀྱང་གསུངས་སོང་། ང་ཚོ་མིའི་རིགས་རྟག་པར་སྡུག་བསྔལ་གྱིས་མནར་བ་འདིའང་དེར་ཐུག་ཡོད་པ་ནི་བདེན་ལུགས་ཤ་སྟག་ཅིག་རེད་སྙམ་སྟེ། ང་ཚོས་རྟག་པར་དངོས་ཡོད་དང་བདེན་ལུགས་ལ་དོ་སྣང་མ་བྱས་པར་མདོག་མཛེས་པའི་མིག་ཤེལ་གྱིས་ཡོད་ཚད་ལ་བལྟས་པ་ཡིན་པས། རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་བཏང་བ་མིན་ནམ་སྙམ།
འདིར་འཚོ་བའི་ཁྲོད་བདེ་སྐྱིད་དང་མཛེས་པ་ཡེ་ནས་མི་འདུག་ཅེས་པའི་དོན་གཏན་ནས་མིན་ཏེ། ངེས་པ་དོན་གྱིས་འཚོ་བའི་མཛེས་སྡུག་དེ་མཐོང་བར་ནར་སོན་པ་དང་གོ་རྟོགས་ཡོད་པའི་སེམས་ཤིག་ཅིས་ཀྱང་དགོས་པ་མིན་ནམ་སྙམ།
2019.01.10