བསྟོད་ཚིག་མེ་ཏོག་སེར་ཆེན།
࿐བྲག་དཀར་སྤྲེལ་རྫོང་ལ་ཕུལ་བའི་སྙན་ཚིག་ཐོར་བུ།
རྔ་ཚང་࿐བྱུར་དཀར།
(1) ས་ལཱའི་སྨན་གྱི་ལྟེ་བར་གནས་ཤིང་གཡང་གཟར་བྲག་གི་འདབས་རོལ་ན།།
རྔམ་གྱིས་འགྱིངས་ཤིངསྟོབས་ཀྱིས་བསྡོ་བའི་མདོ་སྨད་གཡང་གི་ར་བ་ན།།
སྙན་པའི་གྲགས་པ་དགུང་ལ་རྒྱས་ཤིང་ལ་རྒྱའི་མཚོ་མོ་འཕྱུར་བ་དེ།།
རྫོང་ཆེན་བཞི་ཡི་ཡ་གྱལ་ཡིན་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་ངོ་།།
(2) ཧང་ཆུ་སྔོན་མོའི་མུ་ཁྱུད་བྲིས་ཤིང་མེ་ཏོག་སེར་ཆེན་འདབ་བརྒྱ་གྲོལ།།
སྤང་ཐང་ཡངས་བའི་ན་ལུང་དེ་ན་མེ་ཏོག་སྨན་གྱི་དྲི་བསུང་ཐུལ།།
རེ་བཞག་སྟོང་གི་ཁུགས་སོ་འདི་ནས་དད་སེམས་དཀར་པོའི་སྨོན་པ་འདི།།
ལག་ཟུངས་དམར་པོ་སྙིང་ཁར་བཞག་ནས་དགའ་བའི་མེ་ཏོག་ཁྱེད་ལ་འབུལ།།
(3) སྔོན་བྱོན་མེས་པོས་རེ་སྐུལ་བཅོལ་སའི་གནས་མཆོག་བྲག་དཀར་འགངས་ཆེན་དེར།།
རྣམ་མཁྱེན་བླ་མ་བཞུགས་ས་ཞིག་དང་དམ་པའི་ཆོས་འཁོར་སྐོར་ས་ཞིག།
མ་བྲིས་ལྷུན་འགྲུབ་རང་བྱོན་མོད་པོ་རྫོང་ཆེན་བཞི་ཡི་ཡང་རྩེར་གྲགས།།
གྲགས་པའི་སྙན་པ་དགུང་ན་འཕྱོ་བས་སེམས་གཞས་རྣལ་མ་ངག་ལས་ཤོར།།
(4) འཁྱིལ་བའི་སེམས་ཀྱི་འབེལ་གཏམ་དྲོན་མོ་བདག་ཡིད་ཡངས་བའི་མཁའ་ནས་མཆེད།།
མཆེད་པའི་སེམས་ཀྱི་སྨོན་པ་དང་པོ་རབ་དཀར་སེམས་ནས་ཁྱེད་ལ་འབུལ།།
དེ་ལྟར་བདག་ཡིད་སྙིང་ནས་འཛུམ་པའི་བསྟོད་ཚིག་སེམས་ཀྱི་མེ་ཏོག་འདི།།
གནས་མཆོག་བྲག་དཀར་ཁྱེད་ལ་ཕུལ་བའི་སྐྱེས་བུ་ཞིག་གི་སྨོན་ཚིག་གོ།