ངའི་སྙན་ངག་གི་སྲོག་རྩ་ད་དུང་རྒྱང་རིང་ན།
ཁྲི་གཤོག
ཧ་ཅང་ཐག་མི་རིང་བའི་རྒྱང་རིང་དེ
སུ་ཞིག་གི་བརྩེ་བ་དང་དུང་བ་ཤོར་ཡོད
སུ་ཞིག་གི་རེ་སྒུག་དང་མིག་ཆུ་འཕོས་ཡོད
འོན་ཀྱང་།
ལས་དབང་ལ་སུ་ཞིག་གིས་བཀོད་སྒྲིག་,དང་ཚོད་འཛིན་བྱེད་ཐུབ
ངའི་ས་འདི་ནས་ཕར་ཅི་ཙམ་བལྟས་ཀྱང
སྤྲིན་པ་ཐར་ཐོར་ལས་ཅི་ཡང་མཐོང་མ་ཐུབ
ས་འདི་ནས་ལག་པ་ཅི་ཙམ་བསྲེངས་ཀྱང
བརྫད་བསྐྱོན་གྱི་མཁའ་དབུགས་ལས་ཅི་ཡང་རེག་མི་ཐུབ
ངའི་གཏན་འདུན་གྱི་སེམས་པ
འདི་ལྟར་སྨྲང་སུན་དང་ན་ཟུག་གི་ཁྲོད
རེ་ཐག་གི་མཆི་མའི་སྦང་ཟིན
རྒྱང་རིང་ན་ད་དུང་ཅི་ཞིག་ཡོད
རྒྱང་རིང་དེས་རྒྱང་རིང་ན་ད་དུང་ཅི་ཞིག་ཡོད
ངས་འདི་ལྟ་བུའི་སོམ་གཞིག་གི་སྣེ་མོ་ན
ད་དུང་སྐྱོ་བ་དང་མིག་ཆུ་རུམ་བཀང་ལེ་ཡོད
ངས་འདི་ལྟར་རེ་ཐག་དང་ཡིད་ཆེད་ཀྱི་ཁྲོད་ན
དུ་དུང་ཁྱོད་རང་ལུས་འདུག
ཁྱོད་ཀྱི་དགོད་སྒྲ་དང་འཛུམས་མདངས
ད་དུང
ཁྱོད་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཡོད་ཚད་ལུས་འདུག
ང་རང་མཚོ་སྔོན་པོའི་འགྲམས་ན་འགྲེངས་དུས
ངའི་མིག་མཁའི་མཚོ་བྱ་དཀར་མོ་དེ་ཁྱོད་ཀྱི་སྣང་བརྙན་རེད
ངའི་འཐོས་བའི་རླབས་སྒྲ་ཁྱོད་ཀྱི་དགོད་སྒྲ་རེད
འོན་ཀྱང
དེ་འདྲའི་འཆན་སྣང་རྐྱང་རྐྱང་ཞིག་གིས་ཅི་ཕན
ངོ་མ དེ་ནི་རྨས་མི་ཚར་བའི་རྨི་ལམ་རིང་མོ་ཞིག
རྨི་ལམ་ཅི་འདྲ་སྐྱིད་རུང་
མངོན་འགྱུར་བྱེད་ཐུབ་མིན་རི་བོང་གི་རྭ་རེད
ངོ་མ།
ངོ་མ།