༢
མ་བློ་དང་བྲལ། །འོང་བའི་གནས་མེད་ཀ་དག་འབྱམས་ལ་ཡས། །བཅོས་མེད་རིག་པ་ལྷ་མཐོང་སངས་རྒྱས་དངོས། །སྐྱེ་འགགས་གནས་གསུམ་བྲལ་བ་བློ་ཐག་ཆོད། །བསྐྱེད་བྱ་སྣང་ལ་སྟོང་ཞིང་སྐད་ཅིག་མ། །བསྐྱེད་བྱེད་རྫོགས་པ་ཆེན་པོ་དུས་མཉམ་ལ། །གཉིས་ཀ་ཟུང་འབྲེལ་ཆུ་དང་ཆུ་ཟླ་བཞིན། །འཛིན་མེད་རང་བྱན་ཆུད་པ་བློ་ཐག་ཆོད། །ཡེངས་མེད་གནས་ལུགས་ངོ་བ་ོབདེ་སྟོང་གཞི། །ཡེངས་ན་འཁྲུལ་དབང་ཞེ་སྡང་རང་ཆས་དེ། །མཐོང་ན་ཞེ་སྡང་གཉེན་པོར་བྱམས་པས་གྲོལ། །སྟོང་ཉིད་ཡེ་ཤེས་རྟོགས་པ་བློ་ཐག་ཆོད། །ཡེངས་མེད་གཉུག་མ་ངོ་བོ་གསལ་སྟོང་གཞི། །ཡེངས་ན་འཁྲུལ་དབང་གཏི་མུག་རང་ཆས་དེ། །མཐོང་ན་གཏི་མུག་གཉེན་པོ་ཡེ་ཤེས་གྲོལ། །མཉམ་ཉིད་ཡེ་ཤེས་རྟོགས་པ་བློ་ཐག་ཆོད། །ཡེངས་མེད་བསམ་གཏན་ངོ་བོ་སྣང་སྟོང་གཞི། །ཡེངས་ན་འཁྲུལ་དབང་འདོད་པ་རང་ཆས་དེ། །མཐོང་ན་འདོད་ཆགས་གཉེན་པོ་སྦྱིན་པས་གྲོལ། །སོར་རྟོགས་ཡེ་ཤེས་རྟོགས་པ་བློ་ཐག་ཆོད། །ཡེངས་མེད་མཉམ་བཞག་ངོ་བོ་རིག་སྟོང་གཞི། །ཡེངས་ནས་འཁྱུལ་དབང་ང་རྒྱལ་རང་ཆས་དེ། །མཐོང་ན་ང་རྒྱལ་གཉེན་པོ་ཞི་བས་གྲོལ། །མེ་ལོང་ཡེ་ཤེས་རྟོགས་པ་བློ་ཐག་ཆོད། །ཡེངས་མེད་ཁྱེད་ཀྱི་ངོ་བོ་དྲན་སྟོང་གཞི། །ཡེངས་ན་འཁྲུལ་དབང་ཕྲག་དོག་རང་ཆས་དེ། མཐོང་ན་ཕྲག་དོག་གཉེན་པོ་ཡོངས་པས་གྲོལ། །བྱ་གྲུབ་ཡེ་ཤེས་རྟོགས་པ་བློ་ཐག་ཆོད། །དེ་ལྟར་མཐོང་ཏེ་སངས་རྒྱས་ཞིང་ཁམས་མན། །དམའ་སྟེ་ངན་སོང་དམྱལ་བ་གནས་གསུམ་ཡན། །འཁོར་འདས་རང་སྣང་ཟངས་ཐལ་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་ཀྱང་། གཞན་སེམས་མ་ཡི་རྣམ་ཤེས་ནི་ཆ་མ་ཆོད་ཅིང་། ངན་སོང་དོང་སྤྲུག་རིགས་དྲུག་རང་སྦྱང་གི་བསྒྲུབ་པ་དགུང་ཞག་བཞི་བཅུ་ཞེ་དགུ་བསྡད་པའི་ཟླ་༣ཚེས་༡༥ལ་སྣང་ཡུལ་དང་ཞིང་ཁམས་རང་ལུས་བཅས། ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་བའི་ངོས། སེམས་ནི་གྲུབ་རྩལ་ཐོགས་མེད་ལྟར་བུ་གར་སོང་རང་དབང་ཆེ་དོ་སྙམ་པའི་ངང་ནས། མ་ཡི་རྣམ་ཤེས་བཙལ་ཕྱིར་རིགས་དྲུག་གི་ཞིང་དུ་འགྲོ་དགོས་སྙམ་ནས་རིག་པ་གཏན་མེད་བྱ་བཞིན་འཕུར་སོང་བའི་སྣང་བ་ལ། རི་དང་ལུང་པ་འགའ་བརྒལ་བའི་མཚམས་དེར། ལ་མཐོན་པོ་དགུང་ལ་སོང་བའི་གཤམ་དུ་བསླེེེེེེེེེེབས་འདུག ཡར་བལྟས་པས་ལམ་ཁྲ་བོ་ཐག་པ་བརྐྱངས་བ་འདྲ་ཞིག་ལ་ཁར་བར་དུ་ཟུག་འདུག ལམ་དེར་ཞུགས་ནས་སྐད་ཅིག་ཏུ་སོང་བས་ལ་ཁར་དེར་མི་མགོ་དང་རྟ་མགོ་ཁྱི་མགོ་ཕག་མགོ་བྱ་མགོའི་ལ་བཙས་ཤིན་ཏུ་མཐོ་བ་ཞིག་འདུག དེ་ཡང་མི་མགོ་ཡིས་གད་རྒྱང་འདེབས་པ། རྟ་མགོ་ཡིས་མཚེར་སྐད་འདོན་པ། ཁྱི་མགོ་ཡིས་ངུ་ཟུག་བྱེད་པ། ཕག་མགོ་ཡི་ངུ་རྒྱང་འཐེན་པ། བྱ་མགོ་ཡིས་ཙི་ཀུར་འདེབས་པ་སོགས་ཀྱི་བྲེད་སྔང་གྱི་སྐབས། དེ་རུ་སླེབ་མ་ཐག་ཏུ་བུད་མེད་རས་ཀྱི་ལའུ་གྱོན་པ་རྨ་བྱའི་ཕོད་ལྡེམ་གསུམ་བཙུགས་པ་ཞངག་དལ་གྱི་བྱུང་བ་ལ། བུད་མེད་དེ་ལ་ཁྱེད་གང་ནས་བྱོན་མཚན་ཅི་ཟེར་བ་ཡིན། ལ་དང་ལ་བཙས་འདི་ལ་ཅི་མིང་བ་རེད་ཞུས་ཛ། བུད་མེད་དེའི། ང་ནི་ལྷ་ཡི་བུ་མོ་ཡིན། ཁྱེད་དང་སྔོན་ནས་དམ་ཚིག་འབྲེལ། ད་ལྟ་འདི་རུ་འཕྲད་པ་ཡིན། ལ་འདི་ཞེ་སྡང་ངོ་བོ་སྟེ། གཤིན་ལ་ཁྲ་བོ་གཟེར་ཆེན་ཡིན། །མལ་འདི་རྒྱུ་འབྲས་དཀར་ནག་ལམ། །ཤི་གསོན་བྱེ་མའི་ལ་ཁ་ཡིན། །བེམ་རིག་བྲལ་བའི་ངོ་བོ་ཡིན། །ལ་བཙས་དུག་ལྔའི་ངོ་བོ་གྲུབ་པ་སྟེ། །ཞེ་སྡང་མི་དང་འདོད་ཆགས་བྱ། །ཕྲག་དོག་རྟ་དང་གཏི་མུག་ཕག ང་རྒྱལ་ཁྱིའི་མགོ་བོ་ཡིན། དེ་ལ་བདག་གི་འདི་སྐད་ཞུས། ངའི་མ་རྒན་གར་སོང་ཡོད་བལྟ་རུ་འགྲོ་བསམ་པས་གང་ན་ཡོད་རྒྱུ་རེད་ཞུས་ཛ། ཧ་ཧ་མ་ནི་ཨེ་མཐོང་མི་ཤེས་ཏེ། འདི་ནས་ལ་ཕར་ནང་ལ་བྱོན་དང་དུག་གསུམ་གྱི་ངོ་བོ་ལམ་དམར་ནག་ཁྲ་གསུམ་མཐུར་དུ་དོད་ཡོད་པ། དཀྱིལ་གྱི་ལམ་ཁྲ་བོ་སྦུལ་འདྲ་བ་དེ་ནས་བྱོན་དང་། འཁོར་འདས་གྲོལ་དང་འཁྲུལ་བའི་བཞི། དམྱལ་བའི་ཞིང་ཁམས་ཆོས་རྒྱལ་བཞུགས་ས་ལ། ལྟད་མོ་གཟིགས་དང་མཚར་པོ་ཞིག་ཡོད་པས་ཡུན་མ་འགོར་བ་བྱོན་ན་ལེགས་ཟེར་མ་ཐག་ཏུ། བུད་མེད་དེ་ཡང་བར་སྣང་ལ་དངོས་མེད་དུ་གཤེགས་སོང་། རང་ཡང་དེ་ལྟར་འགྲོ་འདོད་ཆེན་པོ་ཞིག་བྱུང་ནས། ལ་ཕར་ནང་སོང་ནས་བལྟས་པས་གང་བཤད་ལྟར་ལམ་གསུམ་ཡོད་པའི་ལམ་དམར་པོ་ཞིག་ནུབ་དུ་ཟུག ལམ་སྔོན་པོ་ཞིག་ཤར་དུ་ཟུག དཀྱིལ་ནས་ལམ་ཁྲ་བོ་ཞིག་མཐུར་དུ་དོད་པ་ནས་མགྱོགས་པོར་སོང་བའི་སྣང་བ་ལ། རི་དང་རི་ཐུག་པ་བྲག་དང་བྲག་ཐུག་པ་འདྲ་བ་ནས་ལམ་དེ་གས་གཉིས་རེད་ནས། དཀར་པོ་ཉིན་ནས་དོད་ནག་པོ་རྟ་རྔ་རྩམ་ཞིག་སྲིབ་ནས་དོད་པ་ལ། སྐྱེ་འགྲོ་ཕོ་མོ་མང་པོ་ཞིག་མི་དར་པའི་སྡུག་བསྔལ་ནི། ལ་ལ་ལམ་ཆད་ཐུར་དུ་ལྷུང་སྣང་ཀྱི་ཨ་ཚ་དང་ཨ་ན་ཟེར་བ། ལ་ལ་ཡར་མི་ཐར་ནས་ངུ་འབོད་ཆོ་ངན་བྱེད་པ་མཐོང་། ཕྲན་ནི་ལམ་དཀར་པོ་དེ་ནས་ཕྱིར་སོང་བས་མི་ཐར་བའི་སྐབས་དེར། བོན་བླ་རལ་པ་ཅན་སྐྱེ་ཆས་བྱས་པ་ཞིག་གིས། སེམས་ཅན་བརྒྱ་ཕྲག་ལྷག་ཙམ་དྲངས་ནས་དེར་ཡར་སླེབ་བྱུང་། དེ་ལ་ཁྱེད་གང་ནས་ཡིན་དྲིས་པས། ང་ཧོར་ནས་བླ་མ་སྐལ་བཟང་ཟེར་བ་ཡིན། ང་དང་འབྲེལ་ཐོག་རྣམས་དྲངས་ནས་འགྲོ་བ་ཡིན། ཁྱེད་སུ་ཡིན་གསུངས་པས། ང་བླ་ཁྲི་རྒྱབ་བ་གཡུང་དྲུང་ཡིན། ད་ཆོས་རྒྱལ་ས་ལ་ཐག་ཅི་ཙམ་ཡོད་དྲིས་པས། བོན་བླ་ནས་དེ་རེས་བླ་མ་ཁྱེད་ཐང་མཇའ་བ་བཟང་འདུག་གསུངས་ནས་ཞེ་ས་མཛད། འདི་ནི་བར་དོའི་འཕྲང་ལམ་རེད། ལམ་དཀར་པོ་ནི་རྣམས་སྤྲུལ་གྲུབ་ཆེན་ཕོ་མོའི་འགྲོ་དོན་མཛད་པའི་ལམ་བདེ། ལམ་ནག་འཕྲང་ལ་རིང་བ་འདི་ནི་སྐྱེ་འགྲོ་སྤྱི་དང་བྱེ་བྲག་ཆོས་རྒྱལ་ལ་གཏུགས་ནས་འགྲོ་སའི་ལམ་རེད། ད་མ་ཀའི་འཕྲང་བརྒལ་ནས་བར་དོའི་གཤིན་ཐང་སྐྱ་མོ་ལ་བསླེབ་པ་ཡིན། དེ་ན་ཆོས་རྒྱལ་ས་ལ་ཉེ་ཟེར་ནས་ཕེབས་སོང་། རང་དེ་ལྟར་མྱུར་བར་སྣང་ཙམ་ནས་གྱེད་རྡོ་ཕ་བོང་གུར་ཙམ་གྱི་ཁང་སྒོ་འཆལ་བ་ལྟ་བུ་རེད་འདུག་པས། བྲག་དེ་ལ་གསལ་ཁུང་རང་གི་ལག་མགོ་ཤང་ཙམ་ཕུག་པ་སྣང་། ལམ་དེ་གཉིས་ཀྱང་བྲག་སྒོ་དེར་ཟུག་འདུག དེ་མ་གཏོགས་འགྲོ་བའི་ལམ་འདུག་པའི་གནས་ཞེས་ཅི་ཡང་མེད་པ་བྱ་ཐབས་བྲལ་ཞིང་། རང་གི་བསམ་པ་ལ། ད་ལྟ་ལུས་པོ་ནི་མེད་རྣམ་ཤེས་ཁེར་རྐྱང་འདི་གསལ་ཁུང་ནས་མི་ཐར་རྒྱུ་མི་འདུག སེམས་ཅན་འདི་རྣམས་ལ་དེ་ལྟར་ཟེར་དགོས་བསམ་པས་ལམ་གསུམ་བོས་ནས། ཤད་ཀྱིས་སྐར་ཁུང་ཕྱི་རུ་སོང་ཐང་ཆེན་བསམ་གྱི་མི་ཁྱབ་པ་རི་ལུང་ཅི་ཡང་མེད་པ་ནམ་མཁའ་སྟོང་པའི་རྔམས་ཙམ་སྐྱ་ལེར་བ་ཞིག་འདུག དེ་ལ་བདག་གི་བསམ་པ་ལ་ཐང་འདི་རྒྱ་ཆེ་རུང་། རང་སྟོང་པ་ཉིད་ལ་མི་བསླེབ་མི་ཐོན་རྒྱུ་མི་འདུག་སྙམ་ནས་སོང་བའི་སྣང་བ་ལ་སྐད་ཅིག་མ་ཡུད་ཙམ་ལ་ཐང་མཐར་དེར་ཕྱིན་འདུག དེ་ནས་ཀུན་གཞི་མ་བཅོས་ངང་ནས་བལྟས་པ་ཙམ་གྱིས་མཐོང་ལམ་སྒོ་བྱེ་བ་ལྟ་བུའི་ངན་སོང་དམྱལ་བའི་ཞིང་ཁམས་ཝལ་གྱི་མཐོང་བར་གྱུར་ཏེ། ཤར་ནས་ནུབ་དུ་ཆུ་དམར་པོ་ཁྲག་གི་མདོག་ཅན་གཅིག་བབས། ལྷོ་ནས་ཆུ་ནག་ལ་འཕྱུར་ཞིང་འཇིགས་པ་ཞིག་བབས། བྱང་ནས་ཆུ་ཁམས་ནག་ཚ་ལ་མྱུར་བ་གཅིག་བབས་འདུག ཆུ་གསུམ་འདུས་པའི་འགོ་བོ་ལ་ཆུ་ངུ་འབོད་ཆེན་པོའི་ཞིང་ཁམས་འབྱུང་བའི་སྒྲའི་བརྗོད་པ་ཐོས་ཤིིང་། ཕྱིར་སོང་བའི་སྔོན་དུ་ཟམ་ཕྲ་ལ་རིང་བ་འོད་ཀྱི་རྣམ་པ་ཅན་ཞིག་འདུག