རྒྱང་རིང་གི་བསླུ་བྲིད།

-----------མུན་པ།


འདྲིས་ཆེ་བའི་ངོ་གདོང་རྙིང་བ་རེ་རེ།

ཕ་ཡུལ་གྱི་སྤྲིན་པ་ལྷན་དུ་རྒྱང་རིང་ལ་བཞུད་ཅིང་།

ཤ་ཚ་བའི་སྲིང་ཆུང་མའང་།

རང་ཁྱིམ་གྱི་དྲན་གདུང་རུམ་གང་འཁྱེར་ནས།

གནས་ཡུལ་གཞན་ཞིག་ཏུ་བུད་སོང་ཟེར།


བར་མཚམས་མེད་པའི་ཚེ་སྲོག་ཆུང་ཆུང་དག་གི་དགོད་སྒྲ།

ཧྲང་ཁ་དག་ན་ཐལ་རྡུལ་བཞིན་འཚུབ་འོངས་བས།

འུ་ཚོས་མཉམ་དུ་ངུ་མྱོང་ལ་བགད་ཡང་མྱོང་བའི།

འཚོ་བ་རྙིང་པ་དག

ཕ་ཡུལ་གྱི་རླུང་ནང་བརྡར་ཞིང་།

ཕ་ཡུལ་གྱི་ཉི་མར་བསྲེགས་ནས།

ཇི་ལྟར་རུལ་དུ་བཅུག


འུ་ཚོས་འཆི་རགས་བར་བཙལ་གྱིན་པའི་འཚོ་བ་དེ།

འུ་ཚོས་སྐྱེས་དུས་ནས་བོར་སོང་བ་དག་གི་སྐྱིན་འཚབ་ཡིན་ནམ།

ལོ་ཟླ་ཇི་འདྲའི་མང་པོ་ཞིག

རྒྱང་རིང་གི་བསླུ་བྲིད་དབང་གིས།

ལྡེ་འདབ་ན་སྙིང་ཉེ་བའི་ངོ་གདོང་དག་སྐྱུར་ཞིང་།

མིག་ཟུང་དག་སྐྱུར་ཞིང་།

སེམས་པ་ན་ལྕགས་བཅུག་ཏེ་ལམ་ལ་བཞུགས་ཀྱང་།

ཉི་མ་ནུབ་ཁ་དེར།

སྒུག་མི་ཟོད་པའི་མུན་པས་ཚ་འདེད་ཡང་ཡང་སྐུལ་བས།

ཐ་འཇུག་གི་ཐ་འཇུག

འུ་ཚོས་བསམ་བཞིན་དུ་དུས་ཚོད་ལ་མགོ་བོ་མགུར་སྲིད།


གལ་ཏེ་སྐྱེ་བ་ཕྱི་མ་ཞིག་ཡོད་བདེན་ན།

ཁྱི་ལུས་ཞིག་བླངས་ངེས་ཀྱང་།

ཚེ་གང་བོ་རང་ཁྱིམ་གྱི་སྒོ་ཁ་དེར་སྲུངས་ནས།

གོམ་པ་གང་ཡང་།

ཕྱི་

    རོལ་

            དུ་

                  མི་

                          འགྲོའོ།


༢༠༡༨/༡/༤ཉིན།

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容