སྙིང་གི་སེམས་གཏམ་དམར་པོ།
---བརྩེ་གྲོགས་ཤེས་རབ་སྒྲོལ་མར་ཕུལ།
-----ཆབ་མདོའི་དཀོན་བསྟན་གྱིས།
སྙིང་གཏམ་སྙིང་གི་གསེར་འཕྲིན།།
ཁ་པར་སྐད་འཕྲིན་བརྒྱུད་ནས།།
ཁྱེད་ཀྱི་ཕྱོགས་སུ་བསྐུར་ཡོད།།
བརྡ་འཕྲིན་འབྱོར་བ་ཨེ་བྱུང་།།
ང་རང་དབུས་སུ་འབྱོར་དུས།།
ཁྱེད་རང་ཡུལ་ལ་ཐོན་སོང་།།
ལས་ཀྱི་བར་ཆད་བཙན་པོ།།
མི་འདོད་ཐོག་ཏུ་བབས་བྱུང་།།
ཁྱེད་རང་དབུས་སུ་བཞུགས་དུས།།
ང་རང་གཞན་ལ་ཆས་དགོས།།
སྐྱབས་གནས་དཀོན་མཆོག་གསུམ་པོ།།
ལྷན་འཛོམས་དུས་ཤིག་གནོངས་རོགས།།
ཁྱེད་དང་ངེད་གཉིས་བར་ལ།།
ལ་མོ་མང་པོས་བཀག་འདུག །
སེམས་ཀྱི་དམ་ཚིག་མཐུན་ན།།
ལ་མོ་བརྒྱབ་ནས་ཡོང་ཆོག །
དབྱར་དགུན་སྟོན་དཔྱིད་མེད་པར།།
གཙང་པོ་ཆེན་པོས་ཆོད་ཀྱང་།།
བྱམས་པའི་བློ་སེམས་མཐུན་ན།།
ཆུ་མགོ་བསྐོར་ནས་ཡོང་ཆོག །
དགུན་གྱི་ནམ་ཟླ་རིང་ཡང་།།
དཔྱིད་ཀ་ཚེས་པའི་དུས་ཡོད།།
ད་ལྟ་མཉམ་དུ་མེད་ཀྱང་།།
རྗེས་སུ་འཛོམས་པར་སྒུག་ཡོད།།
ཁྱེད་ཀྱིས་ཡོད་ཚད་སྟེར་ན།།
ང་ཡིས་སེམས་པ་ལོས་གཏད།།
དམ་ཚིག་མཐུན་པའི་བརྩེ་དུངས།།
མིག་འབྲས་བཞིན་དུ་བསྲུང་ཆོག །
འཇིག་རྟེན་འཁོར་བའི་འདུ་འགོད།།
མི་ཚེ་སྐྱིད་རེས་སྡུག་རེས།།
སྐྱིད་པའི་རྨི་ལམ་ཐུན་ཅིག །
མཉམ་དུ་རྨིས་ན་བསམས་བྱུང་།།
བརྩེ་བའི་སེམས་ཀྱི་རྡོ་རིང་།།
མི་ཁ་ནག་པོས་བསྒུལ་ཡང་།།
སེམས་ལ་སེམས་ཀྱིས་སྦྲེལ་ནས།།
ལག་པ་གཉིས་ཀྱིས་སྐྱོར་ཤོག །
མི་ཚོགས་མང་པོའི་གསེབ་ནས།།
ངེད་གཉིས་ལས་ཀྱིས་འཕྲད་བྱུང་།།
དྲིན་ཆེན་རྩ་བའི་བླ་མ།།
ཐུགས་བསམ་བཞེས་པར་གནོངས་རོགས།།
2016.8.5ཉིན་དབུས་ཉི་མ་ལྷ་ས་ནས།