གྲོགས་དྲན་པའི་འཕྲིན།

图片发自简书App

གྲོགས་དྲན་པའི་འཕྲིན།


སོ་རུ་ཐོགས་མེད།


ནམ་ཞར་བསམ་གཞིགས་ཀྱི་རྙི་རུ་ཚུད་དེ། སོལ་དལ་བག་གཡེང་གིས་འཚོ་མི་བཏུབ་པའི་ང་ཡི་གྲོགས་པོ། ད་ཆ་ཁྱེད་ཕྱོགས་སུ་ཙག་དང་བུ་ཡུག་བསྟུད་མར་འཚུབ་ཀྱིན་ཁ་བ་སྟུག་པོ་མཚམས་ཚིགས་མེད་པར་བབས་ནས་ལུས་སེམས་གྲང་རེག་གིས་མནར་བཞིན་ཨེ་ཡོད།  ཡང་ན་ནི་སྒེའུ་ཁུང་གི་དྲ་མ་བསྣོལ་བའི་ཁང་མིག་དོག་པོ་དོག་པོ་ཞིག་ནས་ཕྱི་ཡི་ནམ་ཟླའི་འགྱུར་ལྡོག་དང་ཚེས་གྲངས་ཙམ་པོ་ཡང་གཞན་དབང་གིས་རིང་དུ་བསྐལ་བར་བཅུག་སྟེ་ཉིན་མཚན་དུས་དྲུག་གཟིམ་པ་མེད་པའི་གློག་སྒྲོན་ཞིག་གི་གུད་དུ་ཁུ་སིམ་མེར་མནོ་བསམ་གྱི་རྒྱ་རུ་ཚུད་དེ་ལྷོད་ཅིག་གེར་ཡོད་དམ། དེ་ཡང་མིན་ན་ནི།  ཨར་འདམ་བརྩིགས་པའི་རྡོ་འཁྱག་གི་ཁང་མིག་རབ་ཏུ་དོག་པ།  ཕྱི་སའི་དྲི་ངད་འཐུལ་ལེར་ཡོད་པ། གཏིང་ནག་ཐག་ཆོད་པ་ཞིག་ཏུ་བསྟིང་ཚིག་དང་གཅར་བརྡུང་རྒྱུན་མི་ཆད་པར་མྱོང་བཞིན་ལྟོགས་སྐོམ་གྱིས་རབ་ཏུ་གཙེས་ཏེ་དུས་ཚོད་སྐར་ཆ་གཅིག་གི་ཡུན་ཚད་ཀྱང་ལོ་དང་ཟླ་ལས་རིང་པའི་སྣང་པ་སྟེར་གྱིན་དྲོ་གྲང་མི་སྙོམས་པའི་ན་ཚ་མྱོང་གིན་ཨེ་ཡོད།  ད་དུང་དེ་ཡང་མིན་ན་ནི། རང་གནས་སའི་མི་སྡུག་པའི་འཇིགས་རུང་གི་ཁོ་ར་ཁོར་ཡུག་ཀུན་དག་པའི་ཞིང་ལྟར་གྱི་སྣང་པ་ཕྱུངས་ཏེ"ཨ་མའི་བུ་གང་ལ་སོང་ན་དོན་རེ་འགྲུབ"ཟེར་བ་བཞིན་ཐུགས་ཡིད་གཏིང་ནས་ཚིམ་སྟེ་ཞལ་ངོ་འཛུམ་དམུལ་ལེར་མུ་རུ་སྤྱན་མིག་རྒྱང་རིང་རྒྱང་རིང་ཞིག་ལ་ཕྱོགས་ནས་ལྷུན་ཆགས་སེར་བཞུགས་ཨེ་ཡོད་ང་ཡི་གྲོགས་པོ་ཡེ།

ད་ཆ་ང་རང་གནས་སའི་མཐོ་སྒང་གངས་འཁྱག་གི་གྲོང་འདིར། ད་ནི་མེ་ཏོག་དང་སྐྱེལ་ཚལ་གྱི་འཇོ་སྒེག་བྱེར། སྟོན་གྱི་མདངས་ཡལ་བར་ཡིབ་ནས་འཁྱག་སིབ་སིབ་ཀྱི་དགུན་ཟླ་ག་གེ་བ་ཞིག་མྱུར་སྟབས་ཀྱིས་བསླེབས་བྱུང་། སྤོ་མཐོ་བའི་རི་སྐེད་དག་ཏུའང་ཁ་བ་ལྷབ་ལྷུབ་བབས་ཀྱིན་གྲང་ཤུར་ཤུར་གྱི་དགུན་རླུང་གང་སར་སྤུར་བཞིན་འདུག


སྐབས་འདི་ཤེད་དུ་དགུན་རླུང་ལས་ཀྱང་རབ་ཏུ་འཁྱག་པའི་རླུང་འཆལ་ཞིག་གིས་ངའི་གདོང་པ་འབྲབ་བྱུང་། རླུང་འཆལ་དེ་གང་ནས་འཐོན་ཡོང་པ་ཆ་མ་འཚལ་མོད། ང་ཡི་ལུས་ཀྱི་སྟོད་སྨད་ཀུན་དུ་འཚང་ནས་ཕྱི་འཁྱག་ནང་འཁྱག་ཏུ་བཏང་སོང་།

འདར་སིལ་སིལ་གྱི་སྣང་པ་ཞིག་ལ།  རལ་བ་གསིག་གསིག་གིས་སྒྲོབ་བཤམས་ནས་གཡུལ་ལས་རྣམ་པར་རྒྱལ་མྱངས་པའི་གདོང་པ་སྨུག་པོ་ཅན་གྱི་ཨ་མྱེ་ཞིག་གི་བུ་རབས་ཚ་རྒྱུད་ད་ལྟ་ལྷོད་ཅིག་གེར་གཉིད་དུ་ཡུར་ཏེ་རྨི་ལྟས་ལ་སྐྱབས་སུ་མཆི་བཞིན་པ་དྲན་སོས་ཀྱིན་འདུག མགོ་བོ་སྨུག་ལོང་གིས་གཏིབས་པའི་ཁྱུ་ཚོགས་ཤིག་ཅམ་གྱིས་དྲན་བྱུང་། དེ་དང་ལྷན་བཙོན་གྱི་ར་བ་གུ་དོག་པོ་ན་བདེ་ཐང་ལ་ཕྱི་ཕྱིར་ཕྱོགས་པའི་གྲོགས་པོ་གྲྭ་བཙུན་ཞིག་ལྷང་ངེར་ལྷན་ནེར་ལྷམ་མེར་ཐོལ་གྱིས་དྲན་བྱུང་ཨང་།

2017.10.ལ་བྲིས།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容