མྱིང་མེད།

སྤྱིར་ན་མི་ཚེ་ཐུང་ཐུང་རྟ་ཕོའི་བང་རེད།།

ལྷག་ཏུ་མི་སེམས་ཟེར་བ་མཚོ་མོའི་རླབས་རེད།།

དགའ་སྐྱོ་རི་མོ་གཟུགས་མེད་མཁའ་ཡི་འཇའ་རེད།།

འདི་དག་ཐམས་ཅད་མི་རྟག་སྒྱུ་མའི་མདངས་རེད།།

ལོ་ཡི་གྲངས་ཚད་བཤད་ན་དྲུག་ནས་བདུན་རེད།།

འདང་གི་ཟབ་ཚད་བརྗོད་ན་གནམ་སའི་མཐའ་ཡིན།།

དགའ་རབས་སྡུག་རབས་བརྗོད་དུས་སྲིད་པའི་སྒྲུང་ཡིན།།

འུ་གཉིས་འདྲིས་པའི་དུས་ཀྱང་ལོ་མཐུད་ཟླ་རེད།།

སྐབས་རེེར་ང་ཡི་ཚིག་གཤིས་གྱོང་པོ་དེ་དང་།།

ལན་རེར་ཁྱོད་ཀྱི་བྱེད་སྟངས་མཚར་བོ་དེ་ཡིས།།

མི་དགོས་ས་ནས་མིག་ཆུ་གཏོང་མཁན་ང་ཡིན།།

གནས་ལུགས་སྦྲགས་མས་མཇུག་མ་བསྡུ་མཁན་ཁྱོད་ཡིན།

འདི་ལྟར་ལོ་དང་ཟླ་བའི་ལྟེབ་ཁུག་ཞིག་ནས།།

ཁྱོད་དང་འགྲོགས་པ་འགྱོད་མེད་སེམས་ཀྱི་འདོད་ཡིན།།

གལ་ཏེ་འདོད་པའི་རི་མོ་སྔར་བཞིན་འགྲུབ་ན།།

ངས་ནི་མི་ཚེ་ཧྲུལ་བོ་ཁྱོད་ལ་བཅོལ་ངེས།།

གྲོང་གི་ཁྲ་ཁྲ་རིག་རིག་མིག་གི་འཁྲུལ་རེད།།

སྐད་ཆ་ཁྲ་ཁྲ་བཤད་མཁན་དེ་བས་མང་རེད།།

མི་འགྱུར་ཚིག་རྟིང་མནའ་ཡིས་མནན་པ་དྲན་ན།།

ཁྱོད་ནི་ད་བཟོད་སེམས་པའི་དྲོད་ཐིག་དེ་རེད།།

དགའ་སྐྱོ་སྦྲགས་མའི་བསྐྱལ་བའི་ལོ་དང་ཟླ་བ།།

ཕྱིར་དྲན་མེ་ལོང་ངོས་ཀྱི་ཁྱོད་དང་ང་ཡིན།།

སེམས་པ་སེམས་ཀྱིས་གཉོར་བའི་ཉིན་དང་མཚན་མོ།།

བདག་གིས་སྲོག་དུ་སྒོམ་པའི་སེམས་ཀྱི་བྲོ་ཡིན།།

སྙན་ངག་ཡིན་ཁུལ་བྲིས་ཀྱང་ཉིན་ཐོའི་ཚུལ་རེད།།

ཚིག་ཀྱོག་རྣ་བར་གཟན་ཀྱང་སྙིང་གི་གཏམ་ཡིན།།

འདི་ལྟར་བྲིས་མ་བཤད་ཀྱི་ཐོ་ཞིག་བཀོད་དེ།།

སྙིང་གི་མི་དེའི་ཕྱོགས་ལ་ཐད་ཀར་སྤྲིངས་ཡོད།།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容