ཁ་སང་དེ་རིང་གློ་ཚའི་རིམས་ནད་གསར་བས་རྒྱལ་ཡོངས་ཀྱི་ས་ཆ་མང་བོར་རྒོལ་བཞིན་པའི་སྐབས་འདིར། ལྷ་རྗེ་གྲགས་ཅན་ཀྲུང་ནན་ཧྲན་(钟南山)གྱིས་མིག་ཆུ་དང་བཅས་ཏེ། འདི་ལ་གཟབ་དགོས་པའི་སྐོར་མང་དུ་གསུངས་མོད། ད་དུང་བོད་པ་འགའ་ཤས། ལྷག་པར་ཆོས་ལུགས་པའི་རྣམ་འགྱུར་འཛིན་པ་འགའ་ཞིག་གིས། རིམས་ནད་ཀྱིས་དད་པ་ཅན་ལ་གནོད་མི་ཚུགས་ཞེས། མང་ཚོགས་དད་ལྡན་པ་ཚོ་ལ་མགོ་སྐོར་གཏོང་བཞིན་འདུག གལ་ཏེ། དོན་དངོས་དད་པ་ཅན་ལ་རིམས་ནད་ཀྱིས་མི་ཚུགས་པ་བདེན་ན། བོད་ཀྱི་ལོ་རྒྱུས་ནང་སྐྱེས་བུ་དམ་པ་མང་པོ་རིམས་ནད་ཀྱིས་འདས་ཡོད་ལ། ལྷག་ཏུ་ང་ཚོར་རྒྱུས་ཡོད་ས་ནས་བཤད་ན། པཎ་ཆེན་སྐུ་འཕྲེང་དྲུག་པ་༧བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་ཀྱང་རིམས་ནད་ཀྱིས་དགོངས་པ་རྫོགས་སོང་བ་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ན་ཤིན་ཏུ་གསལ་བས། ཁོང་ལ་ཡང་ཁྱོད་ཚོའི་དད་པ་ཙམ་ཞིག་མེད་སོང་བ་ཨེ་ཡིན། འདི་ལྟར་བཤད་དུས། ང་ཚོར་རྒྱུན་འབྱམས་སུ་སོང་བའི་གཏམ་དགོད་བྲོ་བ་ཞིག་སྟེ། མཛད་པ་ཟེར་བ་དང་། བསམ་བཞིན་དུ་བཞེས་པ་རེད་སོགས་མི་ཟེར་བས་ངེས་པ་མེད་མོད། ཡག་བཤད་འཁྱོག་བཤད་བརྒྱ་བྱས་ཀྱང་། གང་ལྟར་ནད་ཡམས་ཀྱིས་དགོངས་པ་རྫོགས་སོང་བ་དོན་དངོས་ཡིན། ད་དུང་ལོ་རྒྱུས་དཔེ་མཚོན་བཤད་རྒྱུ་མང་མོད་ཉོག་འགྲོ།
ཡང་སྔོན་ཆད་དང་ད་ལྟ་མི་འདྲ། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མིན་པས། རིམས་ནད་འགོས་ཚད་ད་ལྟ་ནང་བཞིན་མྱུར་མོ་མིན། འགྲོ་འོང་ཉུང་བ་སོགས་ཀྱིས་འགོས་ཚབ་ཆུང་ལ། བརྡ་འཕྲིན་གྱི་ཆ་རྐྱེན་ཞན་པས། གྲོང་ཚོ་རེ་ནད་ཡམས་ཀྱིས་རྗེས་ཆད་ནས་སྟོང་བར་གྱུར་ཡང་། གནས་ཚུལ་ཙམ་ཡང་ཐོས་དཀའ། ཡིན་ཡང་། ད་ལྟ་ཇ་ཡུན་ཙམ་གྱིས་ལེ་དབར་སྟོང་ཕྲག་བརྒལ་ཐུབ་པས། རིམས་ནད་འགོས་ཚབ་ཀྱང་དེ་བཞིན་མྱུར། འདིའི་འདྲའི་སྐབས་སུ་ཡང་། རང་སྣང་གང་ཤར་དང་མགོ་གཡོགས་མགོ་སྐོར་གྱི་སྐད་ཆ་བཤད་ནས་འདུག་པ་ནི་སྐྱི་ཡ་ཞིག་ཅི་ལ་མིན།
ངས་བཤད་འདོད་པ་ནི། ང་ཚོས་ཀྱང་ལྷ་རྗེ་མཆོག་གི་ལམ་སྟོན་ལྟར་ནད་ཡམས་སྔོན་འགོག་དང་དོགས་གསོན་བྱེད་དགོས་པ་ལས། ང་ཚོ་ལ་ཆོས་སྐྱོང་སྲུང་མ་ཡོད་པས་སྐྲག་མི་དགོས་ཞེས་བསྡད་ན། ཡང་དང་བསྐྱར་དུ་གྱོང་ཐོག་ལ་གྱོང་རག་རྒྱུ་ལས་མེད་པ་ཆོས་ཉིད་ཡིན། དཀོན་མཆོག་གསུམ་ནི་གནས་ལུགས་སྟོན་མཁན་ཡིན་པ་ལས། མགོ་སྐོར་གཏོང་མཁན་མིན།
ད་དུང་དཀོན་མཆོག་གསུམ་ལ་དད་པ་ཡོད་ན་སྐྲག་མི་དགོས་ཟེར་མཁན་ཚོས། དད་པ་ཡོད་ན་སྐྱེ་འཆི་ཡང་མེད་པ་འདྲ་ཞིག་བཤད་སྲིད་མོད། དོན་དངོས་ཁོ་ཚོའི་སེམས་ན་དད་པའི་སྤུ་མདོག་ག་འདྲ་ཡིན་དོགས་པ་ཟ་ཡོང་། མཆོག་གསུམ་ལ་དད་པ་ནི། གནས་ལུགས་ལ་དད་ཚུལ་ཞིག་ཡིན་པ་ལས། གང་ཡང་མ་བྱས་ཅི་ཡང་མ་བསྒྲུབས་ན། མཆོག་གསུམ་ཞེས་ཁྲིད་འགྲོ་མཁན་ཡོད་པར་བཤད་མཁན་ཚོ་ཕལ་ཆེར་ཁྲམ་པའི་ཁོངས་གཏོགས་རེད། རྒྱུ་མཚན་སྟོན་པ་མཆོག་གི་ཞལ་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་དང་། ངས་ནི་ཁྱོད་ལ་ཐར་བ་ལམ་བསྟན་གྱི། །ཐར་བ་རང་ལ་རག་པར་ཤེས་པར་གྱིས། །ཞེས་སོགས་གནས་ལུགས་རྗེན་པར་བསྟན་པ་རྣམས་ལ་གོས་ཐོས་མེད་པའམ་བསམ་བཞིན་སྦས་ནས། ཚངས་པའི་གཡོ་སྒྱུ་འདྲ་བའི་མགོ་བདེ་དྲན་འཕྲུལ་བྱེད་པ་ནི་ཡ་ང་ཞིག་རེད་འདུག
ནད་ཡམས་ལ་དོགས་ཟོན་བྱེད་པ་ནི། སྐྱབས་འགྲོ་དང་། སྐྱེ་བ་སྔ་ཕྱི། ལས་འབྲས་སོགས་ཁས་ལེན་མིན་དང་འབྲེལ་བ་གཏན་ནས་མེད་པས། ནད་འགོག་དོགས་ཟོན་ལ་བར་ཆད་མ་བྱས་ན། བསྟན་པ་དང་སེམས་ཅན་ལ་ཕན་ངེས་པ་དེ་ཡིན། ཁྱོད་ཚོའི་ཤེས་རྫུ་དང་སྦམ་མདོག་གི་བྲོ་གར་ལ་ཡི་ག་ཆད་ཡོང་། འདི་ལྟར་བསམས་དུས། ཁྱོད་ཚོར་ནང་བསྟན་གྱི་ནང་བཅུད་དུ་གྱུར་བའི་བྱམས་སྙིང་རྗེ་སོགས་ཕར་ཟད། སྤྱིར་བཏང་གི་མིའི་འགྲོ་སྟངས་ཙམ་ཡང་མི་འདུག
མདོར་རྩ་བཤད་ན། དད་པ་ཡོད་མཁན་ཚོས་དད་པ་དང་དོགས་ཟོན་ཟུང་འབྲེལ་བྱས་ན། གཞན་ལས་ལྷག་པའི་ཕན་ནུས་ཐོན་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། དེའི་ཕྱིར། ཚང་མས་དོགས་ཟོན་ལ་སྣང་ཆུང་མི་བྱེད་པའི་རེ་འབོད་ཞུས་པ་ཡིན། ད་དུང་རིམས་ནད་སྔོན་འགོག་སྐབས་སྒྲིག་ལམ་ལ་ཅི་མི་སྙམ་པ་དང་རིམས་ནད་ལ་སྣང་མེད་ཀྱི་སྐད་ཆ་བཤད་མཁན་ཚོར་གཞུང་སྒེར་གཉིས་ནས་ཀུ་ཡངས་མེད་ན་བཟང་།
འདི་ནས་ཟུར་དུ་ཞུ་དགོས་པ་ནི། སེ་འབྲས་དགེ་གསུམ་དང་རྗེ་སྐུ་འབུམ་སོགས་གདན་ས་མང་བོ་ནས། རིམས་ནད་མྱུར་དུ་ཞི་བའི་སྐུ་རིམ་དང་། ཤི་བོར་བསྔོ་སྨོན་གྱི་ཆོ་ག་སྤེལ་ཞིང་། ད་དུང་དཔལ་ལྡན་འབྲས་སྤུངས་དགོན་པས་དམངས་སྒོར་འབུམ་གསུམ་དང་། རྗེ་སྐུ་འབུམ་དགོན་པས་དམངས་སྒོར་ཁྲི་ཕྲག་༡༠༠ཞལ་འདེབས་གནང་བ་སོགས་ལ། བཀའ་དྲིན་སྙིང་ནས་ཞུ།