༄༅། །ཤིང་འཛིན་རྟོག་པའི་རྟགས་གསལ།
(༡)ཡང་ཐར་གསལ་ལས། ཤིང་གི་སྤྱི་བློ་དེ་མ་འཁྲུལ་བར་ཐལ། ཤིང་མ་ཡིན་ལས་ལོག་པར་སྣང་བ་དེ་རང་མཚན་ཡིན་པའི་ཕྱིར། རང་རྒྱུད་འཕེན་ནོ། །འདོད་ན། ཤིང་གི་སྤྱི་བློ་ཆོས་ཅན། ཁྱོད་ལ་རང་གི་གཟུང་ཡུལ་ཆ་ཅན་དུ་མི་སྣང་བར་ཐལ། འདོད་པ་དེའི་ ཕྱིར། ཁྱབ་པ་ཡོད་དེ། ཆ་ཅན་རགས་པའི་རྣམ་པ་ཅན་དུ་བློ་གང་ལ་སྣང་ཡང་། ཆ་དང་ཆ་ཅན་རྣམ་པ་མི་འདྲ་བར་སྣང་བས་ཁྱབ་པས། ཆ་དང་ཆ་ཅན་ཆོས་ཅན། རྫས་ཐ་དད་དུ་ཐལ། བློ་མ་འཁྲུལ་བའི་གཟུང་ངོར་སོ་སོར་སྣང་བའི་ཕྱིར་ཞེས་པའི་གནོད་པར་འགྱུར་རོ། །ཞེས་པའི་དོོན་ལ། ཁྱོད་བློ་མ་འཁྲུལ་བའི་གཟུང་ངོར་སོ་སོར་སྣང་ན་ཁྱོད་རྫས་ཐ་དད་ཡིན་པས་ཁྱབ་བར་ཐལ། འདོད་ན། བུམ་པའི་ཆ་དང་ཆ་ཅན་ཆོས་ཅན། ཁྱོད་རྫས་ཐ་དད་ཡིན་པར་ཐལ། ཁྱོད་བློ་མ་འཁྲུལ་བའི་གཟུང་ངོར་སོ་སོར་སྣང་བའི་ཕྱིར། ཁྱབ་བ་ཁས། རྟགས་གྲུབ་སྟེ། ཁྱོད་བུམ་འཛིན་མིག་ཤེས་ཀྱི་གཟུང་ངོར་སོ་སོར་སྣང་བའི་ཕྱིར། དེར་ཐལ། ཁྱོད་བུམ་འཛིན་མིག་ཤེས་ཀྱི་གཟུང་ངོར་རྣམ་པ་མི་འདྲ་བར་སྣང་བའི་ཕྱིར། དེར་ཐལ། བུམ་འཛིན་མིག་ཤེས་ལ་བུམ་པ་ཆ་ཅན་རགས་པའི་རྣམ་པ་ཅན་དུ་སྣང་བའི་ཕྱིར། དེར་ཐལ། བུམ་འཛིན་མིག་ཤེས་ལ་བུམ་པ་རགས་པར་སྣང་བའི་ཕྱིར། དེར་ཐལ། བུམ་འཛིན་མིག་ཤེས་ལ་བུམ་པ་རྡུལ་རྫས་དུ་མ་ཆ་ཤས་སུ་ལྡན་པའི་གོང་བུར་སྣང་བའི་ཕྱིར། ཁྱབ་སྟེ། རྡུལ་རྫས་དུ་མ་ཆ་ཤས་སུ་ལྡན་པའི་གོང་བུ་ལ་རགས་པ་ཞེས་བཤད་པའི་ཕྱིར། <སྡེ་བདུན་རྒྱན་ལས། >༦༣ རྡུལ་རྫས་དུ་མ་ཆ་ཤས་སུ་ལྡན་པའི་གོང་བུ་ལ་རགས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང་། བ་གླང་མཐོང་བའི་མིག་ཤེས་ལ་བ་གླང་དེ་ནོག་སོགས་འདུས་པའི་གོང་བུར་མ་སྣང་བར་ཐལ་ལོ། ། ཡང་བུམ་འཛིན་མིག་ཤེས་ལ་རྡུལ་རྫས་དུ་མ་ཆ་ཤས་སུ་ལྡན་པའི་བསགས་པ་དང་ཚོགས་པ་སྣང་བའི་ཕྱིར། དེར་ཐལ། བུམ་འཛིན་མིག་ཤེས་དེས་རང་ཡུལ་དུ་གྱུར་པའི་རྡུལ་ཕྲན་དུ་མ་བསགས་པ་ལ་དམིགས་པའི་ཕྱིར། དེར་ཐལ། དབང་བོའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། <མདོ་ལས། >རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་བུམ་འཛིན་མིག་ཤེས་དེ་ལ་བུམ་པའི་ཆ་ཤས་དུ་མ་ལྡན་པའི་ཚོགས་པ་སྣང་བའི་ཕྱིར་ཏེ། དེ་ལ་བུམ་པ་སྣང་བའི་ཕྱིར། ཁྱབ་སྟེ། བུམ་པའི་ཆ་ཤས་དུ་མ་ལྡན་པའི་ཚོགས་པ་དང་བུམ་པ་གཉིས་དངོས་མིང་གཅིག་གི་གོ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་གཉིས་རང་ཡུལ་འཇུག་ཚུལ་མཚུངས་པའི་ཕྱིར། རྟགས་གྲུབ་སྟེ། དེ་ལ་བུམ་པ་ཞེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་ཕྱིར།<རྣམ་འགྲེལ་རྩ་བར། >གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་དཔྱོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། ། ཞེས་དང་། དེའི་ཐད་ཀྱི་<ཐར་གསལ་ལས། >བུམ་པའི་རྡུལ་རྫས་བརྒྱད་པོ་དེའི་མཚུངས་པའི་འབྲས་བུ་ཆུ་སྐྱོར་བ་ཡི་རྒྱུ་མིན་པ་རྣམ་པར་གཅོད་པའི་ཚོགས་པ་ལ། བུམ་པ་ཞེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པར་འགྱུར་བའི་ཕྱིར། ཞེས་དང་།<དར་ཊིཀ་ལེགས་བཤད་སྙིང་བོ་>ལས། ༥༤ བུམ་པའི་རྡུལ་རྫས་བརྒྱད་ཀྱི་ཚོགས་པ་བུམ་པར་ཁས་བླངས་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་པར། རྣམ་འགྲེལ་ལས། གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་དཔྱོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །ཞེས་སོགས་ཀྱིས་དངོས་པོར་གསལ་བར་བསྒྲུབས་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་འཛིན་མིག་ཤེས་ཀྱིས་བུམ་པའི་ཆ་ཤས་དུ་མ་འདུས་པའི་ཚོགས་པ་ལ་དམིགས་པར་ཐལ། འདོད་མི་ནུས་ཏེ། ཚོགས་པ་དངོས་མེད་ཡིན་པའི་ཕྱིར། <རིགས་རྒྱན་ལས། >༦༥ དེས་ན་དབང་ཤེས་ཀྱིས་སྤྱི་དང་ཚོགས་པ་དང་བསགས་པ་ལ་དམིགས་པ་མ་ཡིན་ཏེ། དེ་གསུམ་ག་དངོས་བོ་མིན་པའི་ཕྱིར། ཞེས་དང་། <ཊིཀ་ཆེན་ལས། >༡༠༧ བསགས་པ་དག་ནི་ཚོགས་པ་ཡིན་ཞིང་། ཚོགས་པ་དེ་སྤྱི་ཡིན་ལ་སྤྱི་དེ་ལ་དབང་པོའ་ིབློ་འཛིན་བྱེད་དུ་འཇུག་པའི་ཕྱིར་དབང་ཤེས་སྤྱི་བློར་འགྱུར་ཞིང་། སྤྱི་བློ་གདོན་མི་ཟ་བ་ཡང་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །