བྱང་ཆུབ་སྒྲུབ་ཐབས་བདུད་བརྩིའི་ཟེགས་མ་བློ་གསར་ཡིད་ཀྱི་གཞན་ཕན་སྙིང་ནོར་བཞུགས་སོ།།
སངས་རྒྱས་དང་དབྱེར་མ་མཆིས་པའི་སྐྱབས་རྗེ་བླ་མར།།
སྒོ་གསུམ་གུས་ཏེ་བདག་ལ་ཐུགས་རྗེས་བཟུང་དུ་གསོལ།།
དྲངས་ངེས་མཐའ་རུ་ཕྱིན་པར་སྟོན་པའི་རྫོགས་སངས་རྒྱས།།
བདེན་གཉིས་དོན་རུ་མཉམ་པར་འདྲེས་པའི་གཡུང་དྲུང་བོན།།
རྒྱུ་འབྲས་ཚོགས་གཉིས་བསླུ་མེད་བསགས་པ་སེམས་དཔའི་སྡེ།།
སྐྱབས་ཀྱི་དཀོན་མཆོག་གསུམ་ལ་དད་བརྒྱའི་དབུས་སུ་བརྟེན།།
མཚན་དཔེ་གསལརྫོགས་ཡོན་ཏན་ཀུན་གྱི་མངའ་བདག་ཏེ།།
མི་འཇེད་འཇིག་རྟེན་འདུལ་ཕྱིར་སྤོང་སྒྱུར་གྲོལ་ལམ་འབྱེད།།
མ་ལུས་སྐྱེ་འགྲོའི་གཟུགས་སུ་སྤྲུལ་ཏེ་མི་ཡུལ་བསྟམས།།
འདྲེན་པར་གཙོ་བའི་སྟོན་མཆོག་གཤེན་རབ་མི་བོས་སྐྱོངས།།
བརྩེ་བའི་བྱམས་པས་སྐྱ་རེངས་ཁྲི་གདུང་ཞིན་ནུ་ལས།།
གཞན་ཕན་སྙིང་རྗེས་འོད་སྟོང་ཀུན་དུ་གསལ་འཆར་བས།།
མ་རིག་འཚེ་བའི་མུན་པ་སེལ་ཞིང་འཇོམས་བྱེད་པའི།།
སྐྱབས་རྗེ་མཉམ་མེད་བླ་མའི་རྟ་བདུན་དབང་པོར་བསྔགས།།
སྡེ་སྣོད་འབུམ་ཁྲི་གཞུང་གི་ངུར་སྨྲིག་རིལ་བོ་འཛིན།།
མུ་སྟེགས་རྒོལ་ངན་དཔུང་ཚོགས་སྐད་ཅིག་ཉིད་དུ་གྲོལ།།
དུས་སྙིགས་ས་སྟེང་སྨྲ་དབང་སེང་གེའི་མཚན་རྙེད་པ།།
ཀུན་མཁྱེན་མངྒ་ཝེར་ཞིས་སྐྱེ་རྒུད་འདིར་སྲུངས་ཤིག།
རྒྱལ་བ་ཡོངས་ཀྱིས་བསྔགས་པའི་ལེགས་བཤད་སྒྲ་དབྱངས་སྒྲོག།།
རིག་སུལ་དབེན་གནས་གསེང་ལ་བླ་མེད་བསམ་གཏན་སྒོམ།།
གངས་ཅན་བོད་ཁམས་ཁྲོད་ནས་རྣལ་འབྱོར་རྩེར་སོན་པའི།།
ཤར་རྫའི་རྒྱལ་ཚོབ་འཇིགས་མེད་དབང་པོས་དངོས་གྲུབ་སྩོལ།།
གདོད་ནས་ཆོས་རྒྱལ་རྣམས་ཀྱིས་མཛད་པ་ཁྲིམས་དང་ཚུལ།།
གངས་ཅན་བོད་པའི་མ་ཡིག་སྲོག་ཟུངས་རྒྱུན་སྤེལ་གཏོང་།།
བདག་འདྲའི་རྨོངས་ཚོགས་ཆེད་དུ་བཀའ་བརྟེན་རྗེས་ཕྱུང་པའི།།
གནའ་བོའི་དཔོན་གསས་བཀའ་དྲིན་བསྙེལ་བ་ཅིས་ཆེད་སྲིད།།
དེས་ཕྱིར་ལུང་རིགས་འབྲུག་སྒྲ་སྨྲ་བའི་སྐྱེས་བུ་དང་།
བདག་གིས་ཤར་རྫའི་བླ་སློབ་ཞབས་ཀྱི་རྗེས་འཛིན་ནས།།
མ་གྱུར་སྐྱེ་འགྲོ་བདག་འདྲའི་མ་རིག་འཆིང་རྣམས་དོན།།
བླ་མར་ལས་ཐོས་གོ་རྣམས་ཅུང་ཟད་འདི་སྐབས་འཆེད།།
རྒྱལ་བསྟན་དགོངས་དོན་རྟོགས་པའི་འཕགས་པའམ་དམ་པ་དང་།།
མཆོག་གསུམ་དད་ཐོག་མེད་པའི་བླུན་རྒན་ལོག་ལྟ་མཁན།།
བློ་དམན་ཕྲན་ཆུང་གཞུང་འདིས་སྐུལ་བ་མི་འོང་པས་།།
འཁོར་འདིར་བག་ཚའམ་ཐར་ལམ་འཇུག་འདོད་ཡོངས་ཀྱིས་གསན།།
དེ་ལ་འདི་ནས་བོན་ལ་གསར་དུ་སློབ་པའི་ལས་དང་པོ་བ་རྣམས་པས་བྱང་ཆུབ་ལམ་གྱི་རིམ་པར་དམིགས་ཚུལ་ཕྲན་ཙམ་བཀོད་པ་ལ། ཐོག་མར་བདག་གི་བརྒྱུད་པའི་བླ་མ་དུས་སྙིགས་རྩོད་ལྡན་བསྐལ་བ་འདི་རུ་ཟབ་མོ་རྫོགས་པ་ཆེན་པོར་ཉམས་ལེན་གྱིས་རྩེར་སོན་པས་ཚེ་གཅིག་ལུས་གཅིག་ཐོག་ཏུ་ཕུག་པོ་ལྷག་མེད་འོད་ལུས་སུ་ཐིམ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའམ་ཞི་བ་བདེ་ཆེན་གླིང་དུ་དབུགས་འབྱིནབའི་མངའ་བདག་རྗེ་གྲུབ་དབང་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་མཛོད་ཆེན་སྣ་ལྔ་ལ། ཕྲན་ཆུང་བདག་གི་རྩ་བའི་བླ་མ་འཇིགས་མེད་དབང་ཕྱུག་ཉིད་གཙོས་བྱས་པའི་དཔོན་གསས་མཚན་ལྡན་དུ་མའི་ཞལ་ནས་བརྒྱུད་པ་མ་ཆད་པར་དྲི་མས་ཀྱང་ཅུད་ཟད་ཀྱང་མ་བགོས་པའི་ཁྲིད་ལུང་ཟབ་མོ་རྒྱ་ཆེར་ཐོབ་པ་ལས། བདག་གིས་ཀྱང་ལོ་གང་མང་ལ་བརྩོན་འགྲུས་ཀྱིས་བསླབ་པས་ཐོས་པ་དག་ཅུང་ཙམ་གཏན་ལ་ཕབ་པ་རྣམས་ཆུད་མི་ཟ་བའི་ཕྱིརདང་། ཡང་ན་བདག་འདྲའི་མ་རིག་པས་འཆིང་ནས་འཁོར་བ་འདིར་སྡུག་བསྔལ་གསུམ་པོས་གཟིར་བའི་སྐྱེ་འགྲོ་ཡོངས་ལ་ཕན་པ་དང་བརྩེ་བ་ཞིག་བསྐྱེད་པ་དང་། ཡང་ན་རྣམ་གྲོལ་ལམ་ཐར་པ་ཆེན་པའི་ས་དང་ལམ་གྱི་རིམ་པར་བྱང་གོམསདང་ཁྱད་པར་རྩ་བའི་བླ་མའམ་གོང་མའི་མཚན་ལྡན་གྱི་ལོ་པན་མཁས་ཤིང་གྲུང་པོ་ལ་རྗེས་སུ་ཡིད་རང་དང་། སློབ་པར་འཇུག་འདོད་ཆུ་བཞིན་རྟག་ཏུ་རྒྱུན་ཆད་མེད་པར་ཡང་ཡང་བྱུང་བའི་སྟོབས་དང་། ཡང་ན་ཁོ་བོས་བསམ་ཚུལ་ཙམ་མ་ཡིན་པར་ཤར་རྫའི་བཀའ་སྡེ་སྣོད་མཛོད་གཙོར་བྱས་པ་བཀའ་དང་བཀའ་བརྟེན་ནམ་ལམ་རིམ་གྱི་གཞུང་སུམ་བརྒྱ་པ་ལྟར་བུ་དག་ལ་བརྟེན་ནས་རང་གཞན་ཀུན་ལ་ཕན་པའམ་ཐེག་ཆེན་སེམས་བསྐྱེད་ཉམས་འོག་དུ་ཚུད་པ་དང་མཐའ་ཐུག་སེམས་ཅན་ཡོད་དོ་ཅོག་བདེ་ཆེན་མྱང་འདས་སར་ཕྱིན་པའི་ཆེད་དུ། བྱང་ཆུབ་སྒྲུབ་ཐབས་ཀྱི་ལམ་རིམ་འདི་ཙམ་བཀོད་ཡིན་ལ།
འོན་ཀྱང་ང་འདྲ་བློ་དམན་བླུན་པོ་ཐོས་རྒྱ་ཆུང་ཆུང་ངམ་མཚན་དང་སྙན་གྲགས་གང་གི་ཆ་ནས་དབེན་པ་ཞིག་ལ་ཅིས་ཕྱིར་གཞན་པས་ཁེ་ལེན་རྒྱུ་རེད་ཅེ་ན། བྲིས་པར་དགོས་མེད་སྙམ་ནས་འཕྱར་ཀ་འདོད་ན དེ་ཡང་ནོར་བ་ཁོ་ན་ཡིན་ཏེ།
སངས་རྒྱས་བསྟན་པ་ལ་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་སྤེལ་དགོས་པ། ཡང་ན་སངས་རྒྱས་བསྟན་པ་འཛིན་མཁན་ལ་གོས་དཀར་རལ་བའི་སྡེ་དང་གོས་དམར་འདུལ་སྡེས་འཛིན་དགོས་པ་ལ་རག་ལས་པ་མ་ཡིན་ནམ
དེས་ན་རྒྱལ་བའི་བསླབ་གསུམ་གང་རུང་འཛིན་པའི་སྡེར་ཁོང་གཏོགས་ན་སངས་རྒྱས་བསྟན་པར་འཆད་རྩོད་རྩོན་གསུམ་ཆོག་པ་སེམས་ཅན་གྱི་དོན་མཛད་རིགས་པ་ལགས་སོ།
འོན་ན་གཞུང་འདི་ཇི་ལྟར་འཆད་ཅེས་ན། ཀུན་མཁྱེན་ཤར་རྫ་དང་རྗེ་མཉམ་མེད་བླ་མའམ་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དག་གིས་གཞུང་ལུགས་འཆད་སྐབས་ས་བཅད་བཞིའི་སྒོ་ནས་འཇུག་པ་མཞིན། འདི་ཡང་དེ་དང་མཐུན་ཙམ་ས་བཅད་ཙམ་མ་གཏོང་བར་རྣམ་པ་གཉིས་ཙམ་གྱི་སྒོ་ནས་བཤད་པ་ལ།གདམས་པའི་འབྱུང་ཁུངས། བསླས་པར་གཞུང་ཉིད་འཆད་པ། དང་པོ་ནི།
འདི་ལྟར་ཐོག་མ་ཉིད་ནས་ལམ་གྱི་རིམ་པ་འདི་འོ་སྐོལ་ཚེ་ལོ་བརྒྱ་བའི་སྟོན་མཆོག་གཤེན་རབ་མི་བོ་ནས་རིམ་པར་བརྒྱུད་པ་མ་ཆད་མ་ལྷུག་པར་ཡོད་ཕྱིར། འདི་ལྟར་ངེད་ཅག་བརྒྱུད་པ་འདི་བོན་སྐུ་ཀུན་དུ་བཟང་པོའི་ཁྲོད་ནས་ཡོད་ནས་རྫོགས་སྐུར་བརྒྱུད་དེ་ནས་སྤྲུ་སྐུར་བརྒྱུད་བ་སྟབས། དེ་ཡང་སྤྲུལ་སྐུ་ནས་བརྒྱུད་ལུགས་ཐོག་མར་ང་ཚོའི་སྟོན་མཆོག་ཉིད་སེམས་ཅན་ཐལ་མ་བ་ཡིན་པ་ནས་བཟུང་རྒྱུ་འབྲས་ཀྱི་ཚོགས་མང་བར་བསགས་པའི་མཐུས་སྔོན་ཚེ་སྟོན་པ་བསོད་ནམས་དབང་དྲུང་འདུན་ལ་སེམས་ཆོག་བསྐྱེད་པ་དང་། ས་བཅུ་ལམ་ལྔར་རིམ་པས་བགྲོད་ནས་མཐར་ཐུག་རྫོགས་སངས་རྒྱས་པ་དག་ལོ་རྒྱུས་མདོ་རྒྱས་འབྲིང་སྡུས་གསུམ་སོགས་གཟིགས་ན་རྒྱ་ཆེར་སྤྲོས་འདུག འཚང་རྒྱལ་རྗེས་གཤེན་ལྷའི་བཀའ་དང་སྔོན་ཚེར་སེམས་མཆོག་བསྐྱེད་པའི་སྟོབས་ལས་མི་འཇེད་འཇིག་རྟེན་འཛམ་གླིང་གི་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་སྤོང་སྒྱུར་གྲོལ་ལམ་གྱི་སྒོ་འབྱེད་ཚུལ། ཇི་སྐད་དུ་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་ཡང་ངས་བཤད་ན་ཞེས་པ། སྟོན་པའི་བཀའ་ཡང་སྤྱིར་གྲངས་འདས་ཡོད་ཀྱང་མདོ་བསྡུས་ན། ཡེ་ཤེས་གསལ་སྒྲོན་ལས། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལས། མདོ་རུ་བསྡུས་ན་བཀའ་ཐོག་མཐའ་བར་གསུམ་དུ་འདུས། ཞེས་པས་སོ། འཁོར་ལ་ཡང་མང་ན་ཚུར་བསྡུས་ན་ཕྱི་འཁོར་ནང་འཁོར་གསང་འཁོར་དུ་འདུས་པས་སོ། དེ་ནས་བཀའ་རྣམས་གསེར་ཁང་དཀར་ནག་བཀྲ་གསལ་དུ་འཇོག་པ། སྟོན་པ་གཤེན་ལོ་བརྒྱད་ཅུ་གྱ་གཉིས་དུས་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་གཤེགས་ནས་གདུང་འཚོབ་སྟོན་པ་གཉིས་པ་ལྟ་བུ་འཛམ་གླིང་མི་ལ་བཀའ་དྲིན་ཆེན་བའི་མུ་ཆོ་ལྡེམ་དྲུག་བྱོན་ཏེ། ལུང་རིགས་མཛོད་སྐབས་སུ་གཉེར་གཏད་མདོ་ལས། མུ་ཆོ་ལྡེམ་དྲུག་རྒྱལ་འཚོབ་སྟེ། ད་ལྟ་ལྷ་མི་གནས་སུ་བཞུགས། བདག་ཉིད་མྱ་ངན་འདས་ནས་སུ། མི་ལོ་སྟོང་དང་བརྒྱད་བརྒྱའི་དུས། ནམ་མཁའི་ལྷ་བྲན་འཁོར་དང་བཅས། འཛམ་གླིང་འོལ་མོའི་གནས་སུ་བབས།གསེར་ཁང་དཀར་ནག་བཀྲ་གསལ་ན།བཀའ་ལས་བཀའ་བརྟེན་བོན་དུ་ཕྱེས། སེམས་ཅན་བློ་ཡི་ཚད་དང་སྦྱར། འཛམ་གླིང་ཕྱོགས་བཅུ་ཀུན་དུ་སྤེལ། གསུང་གི་བསྟན་པའི་ལས་དཔོན་མཛོད། ཅེས་དང་། དེའི་སློབ་མ་སྐྱེས་བུ་མང་ཡང་། ནས་ཚན་མཆོག་དུ་གྱུར་པ་འཛམ་གླིང་རྒྱན་དྲུག་བྱུང་ཞིང་མཁས་པ་མི་བཞི་སོགས་རིམ་བཞིན་ནས་མ་ཚད་རྒྱལ་བ་རང་ཉིད་ཀྱི་བསྟན་བདག་གཤེན་སྟོན་ཀླུ་ཡི་དབང་པོས་དྲང་ངེས་མཐའ་ཡས་མཛད་པར་བརྟེན་ནས། ས་ལའི་ལྗོངས་འདིར་བཤད་སྒྲུབ་ཀྱི་བསྟན་སྲོག་ཤིང་རྟ་ཆེན་པོ་མཛད་པའི་རི་ཁྲོད་པ་ཡབ་སྲས་ཀྱིས་གཞུང་ལུགས་ཐམས་ཅད་གཅིག་ཏུ་དྲིལ་ནས་སློབ་བུ་རྒྱས་པར་སྐྱོངས་བའི་ནང་ཚན་ཁོང་བའི་དངོས་སློབ་བླ་མ་ཡར་མེ་བ་ཤེས་རབ་འོད་ཟེར་ཀྱིས་ལམ་རིམ་གྱི་ཤིང་རྟས་སྲོལ་ཆེན་མཛད་པས་ལམ་རིམ་སུམ་བརྒྱ་པ་གདམས། དེ་ལ་རྗེ་བླ་ཡབ་སྲས་སོགས་མཁས་གྲུབ་དུ་མས་རྒྱས་འབྲིང་སྡུས་གསུམ་གྱི་འགྲེལ་བ་མཛད་ནས་རིམ་བཞིན་བརྒྱུད་དེ་ད་ལྟའི་བར་དུ་ལམ་རིམ་བརྒྱུད་མཁན་གྱི་དམ་པ་རྣམས་གྱིས་ཉམས་སུ་བླངས། དེ་ནས་ཀྱང་མདོ་ཁམས་ཡུལ་གྱི་རིད་ཁྲོད་གོང་མའི་སྲོལ་ལ་ཤིང་རྟ་ཆེན་མོ་ཀུན་མཁྱེན་ཤར་རྫ་བ་བྱུང བརྒྱུད་པ་དེ་ལྡན་གྱི་ཤར་རྫའི་རྒྱལ་ཚབ་གསུམ་པ་བདག་གི་བཀའ་དྲིན་བཞི་ལྡན་གྱི་རྩ་བའི་བླ་མ་འཇིགས་མེད་དབང་ཕྱུག་གི་ཞལ་ནས་ཤར་རྫའི་མཛོད་ལྔར་ཁྲིད་ལུང་ཆ་ཚང་བ་དྲི་མས་མ་བགོས་པ་གནང་བ།