ཁ་བ་རྩོམ་ཐུང་གླིང་གི་“ས་མཐའ་བ་”ཞེས་པའི་སྙན་རྩོམ་ལྷན་བསྡུས།

  ༡》  ས་མཐའ་བ།             


_________________ མཚོ་གཡུ་སྙུག་ནས།།


དབྱར་གྱི་སྤང་ལྗོངས་ཐོག་གི་མེ་ཏོག་དང་མཚུངས་པའི།།


བཅུ་དྲུག་ལང་ཚོ་མཛེས་པའི་གྲྭ་རྐྱང་ངའི་ལས་དབང་།།


ད་ལྟ་སུ་ཡིས་མཐོང་ན་ཨ་ཙ་མར་འདོད་ཀྱང་།།


རྗེས་སུ་འགྱུར་མེད་ཡིན་ན་འདི་ཅི་འདྲ་ཞིག་མཛེས་ཨང་།།



རྒྱུས་མེད་ས་མཐའི་ཡུལ་གྱི་གྲྭ་རྐྱང་ངའི་སྐྱོ་གདུང་།།


ལས་དབང་བཙན་པོས་རང་ལ་གནང་བ་ཞིག་ཡིན་ནམ།།


མིན་ན་གྲྭ་རྐྱང་ང་ལ་འདི་འདྲ་ཅིག་དཀའ་ལས།།


ཡིན་ན་རྗེས་སུ་རང་ལ་བདེ་སྐྱིད་ཞིག་ཡོད་ངེས་༎



དགའ་སྡུག་རེས་མོས་ཡིན་པའི་ངན་ངོན་ཀྱི་འཚོ་བ།།


གང་དུ་སོང་ཀྱང་རང་ལ་འབྲལ་ཐབས་དེ་བྲལ་བའི།།


ཁོ་བོ་རྒྱང་ལ་བསྐྱོད་པའི་བསམ་བློ་ཞིག་ཡོད་ཀྱང་།།


ནམ་ཡང་བསྐྱོད་ཐབས་བྲལ་བའི་ན་ཟུགའདི་ལྕི་བ།།



༢》ས་མཐའ་བ།


________________  ཚངས་ཐིག་གིས།


འཇིག་རྟེན་རྣག་ཁྲག་འཁྱིལ་བའི་སྲིད་འོག་ཏུ་ཉུལ་བའི།།


སྡུག་གི་མནར་གཅོད་གཏོང་བའི་མགོན་མེད་ཀྱི་ཉམ་ཆུང།།


སྔ་འདང་ཕྱི་འདང་རྒྱབ་བཞིན་ཉིན་ཞག་གི་རིང་ལ།།


བརྩེ་ཞེན་མེད་པར་སྡུག་གི་འཁོར་བ་ལ་ལོག་སོང།། 



ཉོན་མོངས་དུག་རླུང་ནག་པོ་འཚུབས་སྒྲ་དེ་ཆེ་གི།།


གཅོད་པའི་ཤེས་རབ་དེ་ནི་བདག་རྒྱུད་ལ་དབེན་པའི།།


རྣམ་རྟོག་བར་ཆོད་དྲག་པོའི་ལྡོང་ཕྱོགས་ཀྱི་འོག་ནས།། 


ཉེར་གཅིག་ལེགས་པའི་ལམ་བཟང་འཚོ་བ་དེ་དཀའ་གི། 


དགའ་སྡུག་སྟོང་གི་བསྐྲུན་པའི་ལས་དབང་གི་མཐའ་ལ།།


བདེན་དོན་འཇིག་རྟེན་ཕན་བདེ་ལམ་ཕྱོགས་ལ་བསྐྱལ་གྱིས།།


དྲི་མེད་དྭངས་གཙང་བདག་གི་བེམ་གཟུགས་འདིའི་ལང་འཚོ།།


དམར་སེའི་ངུར་སྨྲིག་རྒྱན་པ་ཨེ་མ་ཡི་རྨད་སོང།།     



    ༣》 ས་མཐའ་བ།


_______________      ཁ་བ་གཡུ་སྨྱུག་གིས།


ལེ་བར་བརྒྱ་སྟོང་མང་པོའི་རི་བོ་ཡི་ཕར་རྒྱབ། །


ཤེས་བྱ་རིག་པའི་ལམ་ལ་གོམ་ཁ་དེ་ཕྱོགས་ནས། །


དཀའ་སྡུག་ཐང་ཆེན་འགྲིམས་པའི་རྟ་ཕོ་དེ་ཞོན་མཁན། །


དམར་ཆུང་སྙིང་དང་འདྲ་བའི་གྲོཊ་མཆོག་དེ་བསྟོད་འོས། །



ཁ་མཚར་དགོད་སྒྲ་རྩེད་མོའི་དབྱངས་རྟ་ལ་ཆགས་ནས། །


མི་ཆེ་མི་ཆུང་ཤག་ཆུང་གྲུ་བཞི་འདིའི་ནང་ལ། །


ལོ་མང་རིང་ལ་སྐྱིད་སྡུག་འཚོ་བ་དེ་རོལ་བའི། །


ས་མཐའི་གཟུཊ་རིས་ཡ་ཁོག་སེམས་གསེང་ལ་ཤར་བྱུང་། །



ལུས་ཀྱི་བརྗིད་ཉམས་ཡིད་དབང་མཁའ་དབྱིངས་ཀྱི་ལྷ་སྲས། །


ངག་གི་སྨྲ་བརྗོད་འགག་མེད་དབྱངས་ཅན་མའི་པི་ཝང་། །


ཡིད་ཀྱི་བྱམས་སེམས་ཐུགས་བརྩེ་འགྲོ་བ་ལ་ཁྱབ་པའི། །


འགྱུད་མེད་གྲོགས་པོའི་མིང་དུ་ས༷་མཐ༷འ་བ༷་འབོད་དོ། །


   

  ༤》ས་མཐའ་བ།


_______________ཁ་བ་གདོན་སྨྱུག་པས།


སྲིད་པའི་དྲག་རླུང་འཚུབས་མའི་དགའ་སྐྱོ་ཡི་ཀློང་ནས།།


ལྭ་དམར་གྱོན་པའི་འབྲས་བུ་མཐར་ཐུགས་དེ་ཐོབ་རུང་།།


དགའ་ལོའི་འཛུམ་མདངས་གསོན་པོས་རྨ་ཁ་ཞིག་བཟོས་པའི།།


རྒྱུས་མེད་ས་མཐར་འཁྱམས་པའི་མི་བུ་ང་སྐྱོ་བྱུང་།།



གནའ་བོའི་རི་གྲོངས་འདི་ནས་ཕྱི་མིག་ཞིག་འཕེན་སྐབས་།།


རྨི་ལམ་འཁྲུག་པའི་ལོ་ཟླ་རིང་མོ་དག་དྲན་གི།


གཅེས་ལོའི་བཤད་པའི་སྙིང་གཏམ་མངར་མོ་ཞིག་ཐོས་དུས།།


དུང་བརྩེས་མནར་བའི་གདོན་འདྲེ་སྐྱོ་སྣང་འདི་ཆེ་གི།



ཀུན་རྫོབ་སྒྱུ་མའི་སྣང་བ་ཡ་ཁོག་ལ་སྤུངས་བཞིན།།


གཅེས་ལོས་དམ་བཅའི་རི་མོ་བདེན་དངོས་སུ་བསྒྲུབ་ཞོར།།


གྱེས་བྲལ་ན་ཟུག་ལྕི་མོའི་དབང་མེད་དུ་མནར་བའི།།


གྲལ་མགོའི་གྲས་ཚུད་མེད་པའི་གླེན་པ་ང་སུན་གི།     


 

༥》ས་མཐའ་བ།


  __________________    ཆབ་འཛུམ་སྨྱུག


བདག་ནི་འདབས་ལྡན་བཅུ་དྲུག་ལང་ཚོའི་མེ་ཏོག་ཏེ།།


གྱོན་པའི་ངུག་སྨྲིག་དམར་པོ་མི་ལྷོད་ཟབ་ཡང་ལྡེམ།།


ཆུ་རྐྱང་ཙམ་རྐྱང་བརྟེན་པའི་སྨྱུག་འཛིན་བརྗིད་ཞིང་ཟབ།།


མི་ཚེ་འདིར་ལ་མི་འགྱུར་མྱི་བུ་མགོ་རིལ་ཡིན།།



རང་ཁྱིམ་ཕྲག་ནས་བོར་པའི་སྦྲང་ཆར་བསིལ་མ་སྟེ།།


རི་ལུང་དུ་མའི་བར་ཐག་བཅད་པའི་སློབ་གཉེར་བ།།


མི་ཤེས་རྨོངས་པའི་ཁྲོད་ནས་སྐབས་རེ་མིག་ཆུར་བཞུར།།


མཚམས་རེ་ཉིད་ཀྱི་ཕུག་འདུན་ཁྱོད་ལ་སྟེར་འདོད་ཡོད།།



རྒྱང་དུ་ཅེར་བའི་ཁེར་རྐྱང་ཁེར་འགྲོའི་མི་ཚེ་དེ།།


ཧ་ཧ་ཧེ་ཧེའི་དགོད་སྒྲའི་བྱ་བཞགས་གཙང་ཞིང་ལེགས།།


སྙན་ངག་ཚིག་གི་མེ་ཏོག་འཐུ་བའི་ཆབ་འཛུམ་སྨྱུག།


རང་ཉིད་མི་ཚེ་འཛུམ་གྱི་བསུ་བའི་ས་མཐའ་བ།།



༦》ས་མཐའ་བ།


______________________གནམ་རྒན་མས།


འཇིག་རྟེན་དགའ་སྐྱོ་འདྲེས་མའི་བཀོད་སྒྲིག་གི་འོག་དུ། །


སྐྱིད་སྡུག་ཁྲི་མ་འབུམ་གྱི་མྱོང་བ་ཡི་ཁྲོད་ནས། །


ལོ་ཟླ་ཞག་གྲངས་གཡེང་བའི་ས་མཐའ་ཡི་བུ་ང་། །


དགའ་སྐྱོ་ཟུང་འབྲེལ་མ་ཡི་སློབ་གླིང་དུ་ཐོན་ཡོད། །


 

སེམས་གསོ་མེད་པའི་ལོ་ཟླ་གྲངས་མང་གི་ཁྲོད་དུ། །


འདོད་པ་མེད་པའི་དམར་སེར་ངུ་སྨྲིག་གིས་གཡོག་སོང་། །


མ་ཉན་ཁ་ཡོད་གླེང་བའི་གནས་ཚུལ་དེ་མཚར་གི།


འབྱུང་བཞི་མ་དོར་བར་དུ་འདི་འདྲ་ཞིག་ཡིན་ནམ།།



ཕྱི་ནང་གཉིས་ཀ་བཙུན་པའི་གྲལ་ཚོགས་དུ་བསྡད་ན།།


ཨ་ཆོས་མ་ཡིས་ཐར་པའི་གོ་འཕང་ཡང་གཏང་ཟེར།།


ཁོ་བོའི་རྒྱུད་ལ་བྱ་སྤྱོད་ངན་པ་ཞིག་ལྡན་ནས།།


ལུས་ཕུང་དམར་སེར་ཟེར་བ་རིན་མེད་དུ་དོར་སོང་།།



༧》ས་མཐའ་བ།


_________________ ཁ་བ་རྗེས་ལྷག་གིས།


འཆད་རྩོད་རྩོམ་གསུམ་བྱ་བའི་དུག་ལྔ་ཡིས་ཁ་རླངས།།


བཤད་ཚད་བདེན་པར་འཛིན་པའི་སོ་སྐྱེ་ཡི་ལྟ་བ།།


བདེན་རྫུན་གནས་ལུགས་བདར་བའི་མཐར་ཐུག་གི་འབྲས་བུ།།


ཟད་མེད་འཁོར་བའི་གནས་ལས་ཐར་ཐབས་ཤིག་མ་བྱུང་།།



གནས་མཆོག་བོན་རིའི་རྩེ་ནས་ཀི་སྒྲ་ཞིག་བཏབ་སྟེ།།


མི་བརྗེད་གཟུངས་དང་ལྡན་པའི་རླུང་རྟ་ཞིག་གཏོར་ནས།།


དབལ་ཆེན་གེ་ཁོད་མཆོག་ལ་སྨོན་ལམ་ཞིག་འདེེབས་བཞིན།།

ས་མཐའི་གྲྭ་རྐྱང་ང་ཡི་མདུན་ལམ་འདི་བཅོལ་བཞག།



དམར་གསེར་ངུར་སྨྲིག་གྱོན་ནས་འཆལ་གཏམ་ཞིག་ལབ་སྟེ།།


དགེ་བའི་ལམ་ཁྲིད་ཡིན་པའི་ང་བོ་ཞིག་སྐྱེ་ཀྱང་།།


རང་ངོ་རང་གི་མི་ཤེས་ཡིན་སྣང་གི་མགོ་བོ།།


ད་ནས་གཏན་དུ་རས་གཟན་དམར་པོ་འདིས་བཏུམ་འགྲོ།།



                 

                 

         

 

 

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容