དཀར་ཡོལ་ནས་འབྲུ་མ་ཞེས་པའི་བོད་ཀྱི་གློག་བརྙན་དེ་ལ་བལྟས་ཟིན།
དེ་ནི་དེང་རབས་གཞོན་སྐྱེས་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དང་སྤྱི་ཚོགས་རྙིང་བ་དེ་བོད་འདི་སྤྱི་ཚོགས་རིང་ལུགས་སུ་ཆེས་ཐོག་མར་གོམ་པ་སྤོ་བའི་དུས་རིམ་ཞིག་གི་གཞོན་ནུ་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་གཤིབ་བསྡུར་གྱི་སྒོ་ནས་བྲིས་འདུག
དེ་ལས་ང་ལ་ཆེས་ཡིད་འགུལ་ཐེབས་སའམ་སེམས་ཚོར་ཁྱད་པར་བ་ཞིག་སྟེར་སོང་བ་དེ་ནི་ཨ་མྱེ་དང་ཁོང་གི་དགའ་རོགས་བར་གྱི་སླད་མ་འདྲེས་ཤིང་མི་སེམས་སྒུལ་བར་བྱེད་པའི་བརྩེ་དུང་གི་གཏམ་རྒྱུད་དེ་རེད།
གཏམ་རྒྱུད་འདི་ལས་བཙན་དབང་གི་གཉེན་སྒྲིག་གམ་ཡང་ན་བཙན་དབང་གིས་གྱེས་པའི་བརྩེ་དུང་གི་ལོ་རྒྱུས་དེའི་རྒྱབ་ལོག་གི་རང་དབང་བརྩེ་དུང་ལ་རྡོག་རྫིས་གཏོང་མཁན་དེ་མངོན་ལྐོག་དང་དངོས་བརྒྱུད་ཀྱི་སྣང་ཚུལ་ལས་མཐར་ཕ་མ་ཚོའི་མགོ་ཐོག་ཏུ་ལྷུང་བའི་མ་ཉེས་ཁ་གཡོག་གི་ནོར་འཁྲུལ་འགའ་རེ་(ཚང་མ་མིན)འབྱུང་གི་ཡོད་པ་ཚོར་བྱུང་།དེ་ནི་སྤྱི་ཚོགས་ཀྱི་ལྟ་སྟངས་དང་སྣང་ཚུལ་ལ་འཐིམ་ནས་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གྱི་ཚུལ་དུ་གབ་སྦས་སུ་ཡོད་པས་ལྟས་ཚོད་ལ་རང་དབང་གི་བརྩེ་དུང་ལ་འབྲེལ་བ་མེད་པ་ལྟར་སྣང་ཡང་དོན་དུ་གཉེན་སྒྲིག་ལ་ཐག་གཅོད་ཀྱི་དབང་ཆ་ལྡན་པའི་ཕ་མ་ཚོའི་བསམ་བློའི་ཁྲོད་དུ་ཁོའི་དབང་ཆའི་ཐག་གཅོད་དང་ཡང་ན་དབུལ་ཕྱུག་དང་མཐོ་དམན་ལ་མགོ་བོ་མི་སྒུར་རང་སྒུར་དུ་སོང་བའི་བསམ་བློ་ལ་དངོས་བརྒྱུད་གང་རུང་གིས་མེད་ན་མི་འབྱུང་ཞིང་ཡོད་ན་ཟློག་ཏུ་མེད་པའི་རྒྱུ་བྱེད་ཀྱི་ཡོད་ནའང་མཐར་ཐུག་ལག་ལེན་བྱེད་མཁན་དེ་ཕ་མ་དང་གཉེན་ཉེའི་ཚོའི་མགོ་ཐོག་ཏུ་ལྷུང་བས་(ཁ་ཤས)ཁོ་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་དུ་གྱུར་བ་མ་ཉེས་ཁ་གཡོག་དང་གཞན་དབང་གིས་ཡིན་པ་ཤེས་ན་གལ་ཆེ་འདུག་སྙམ།
ནག་པོ་སྨྱུག་ཐོགས་ནས༢༠༢༡ལོའི་ཟླ༧ཚེས༦ལ