རྩོམ་པ་པོ===ཉག་ན་བུན་གྱིས
ལེགས་བཤད་རྒྱ་མཚོ་འོད་ཀྱིས་གང་བའི་མདོ་ཁམས་གཙུག་གི་རྒྱན།།
སྒོམ་པའི་འདབ་མ་ཕྱོགས་བཅུར་ཁྱབ་གདབ་སྡེ་སྣོད་འབུམ་ཁྲིའི་མཛོད། །
བོན་བསྟན་གསལ་བྱེད་གུར་ཁང་མཆེད་པའི་འོ་མོལ་ལུང་རིང་སྟེ། །
མདོ་སྨད་གནས་ཆེན་གྱེར་ཟ་གཡུང་དྲུང་ལྷུན་པོའི་གཟི་བརྗིད་ཆགས། །
བོན་དབྱངས་དུང་སྒྲའི་ངང་ནས་འཆི་མེད་ཡུལ་དུ་རིགས་མེད་སྒྲོགས། །
སེམས་དཔའ་སྟོབས་ལྡན་གྲངས་འདས་འཚོགས་པའི་ལྡུམ་ར་རིན་པོ་ཆེ། །
འཆད་རྩོད་རྩོམ་གསུམ་རླུང་བཞིན་ཀུན་དུ་ཡང་ཞིང་རབ་གཡོ་བ། །
སྰ་ལའི་ལྗོངས་ཀྱི་ངུར་སྨྲིག་རིལ་བོ་འཛིན་པའི་དགའ་ཚལ་གླིང་། །
ཡང་ན་ཚད་མེད་རྣམ་བཞིས་འཆིང་བའི་ཤར་རྫའི་གནས་མཆོག་གིས། །
གདོང་དམར་བོད་མའི་རིག་གནས་མ་ཡིག་སྲོག་དང་མཉམ་པར་བཞག །
ཧི་མ་ལ་ཡི་རྩེ་ནས་ནང་བསྟན་ཆོས་ཀྱི་འཁར་རྔ་རྡུང་། །
གངས་དཀར་ཏི་སེའི་རི་ནས་ལོ་རྒྱུས་ངོ་མཚར་རྒྱས་པ་རྒྱུན། །
ཕྱི་ནས་ཞེ་སྡང་མེ་ལྟར་འབབ་ཡང་ནང་ན་བརྩེའི་རྒྱ་མཚོ། །
ཕྱི་ནས་བདུད་བརྒྱའི་ཁྲོས་ཀྱང་ནང་དུ་མཐུན་སྒྲིལ་ལྕགས་ལས་དམ། །
ཁྱད་པར་ཤིན་གསོན་གཉིས་ཀའི་བདེ་སྡུག་རེ་སའི་ཁམས་འདི་རུ། །
ཤེས་རབ་གསུམ་གྱིས་ཕྱུག་པས་སུ་ཞིག་ཕེབས་ན་དགོས་འདོད་འབྱུང་། །