ཇི་སྐད་དུ།
བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ལ།།
ངེས་པར་བཟུང་སྟེ་མཆོད་པའི་རབ་བྱས་ན།།
བསྐལ་བར་བསགས་པའི་སྡིག་ཆེན་རྣམས་བཅོམ་ནས།།
ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར།།
མཉམ་མེད་ཙོང་ཁ་པ།
དྲི་མེད་ཆུ་ཤེལ་ཕྲེང་བ་བརྒྱ་རྩ་བརྒྱད།།
ཐུབ་པའི་དྲུང་དུ་ཕུལ་ཏེ་བྱང་ཆུབ་སེམས།།
ལེགས་པར་བསྐྱེད་པས་ཡང་དག་ལྟ་བའི་དོན།།
ཕྱིན་ཅི་མ་ལོག་རྟོགས་མཛད་ཙོང་ཁ་པ།།
ཆོས་རྗེ་དོན་རིན་པ་དང་རེ་འདའ་བ།།
རྗེ་བཙུན་བརྟན་པའི་འཁོར་ལོ་ལ་སོགས་པའི།།
ལྷ་མིའི་བཤེས་གཉེན་མང་པོ་ཚུལ་བཞིན་དུ།།
བསྟེན་ཕྱིར་མཁས་དགུའི་རྒྱན་གྱུར་ཙོང་ཁ་པ།།
ལྟ་བའི་ལེགས་བཤད་ལྔ་སོགས་མདོ་སྔགས་ཀྱི།།
དཀའ་བའི་གནད་ཀུན་བསལ་བའི་ཚད་ལྡན་གཞུང་།།
པོད་ཆེན་བཅོ་བརྒྱད་ཕྱི་རབས་གདུལ་བྱའི་ཆེད།།
འཕྲིན་ལས་འོད་སྟོང་འབར་བའི་ཙོང་ཁ་པ།།
ལྟ་བའི་མཐར་ཐུག་དབུ་མ་ཐལ་འགྱུར་བའི།།
དགོངས་པ་ཀླུ་སྒྲུབ་ལུགས་བཞིན་ལེགས་རྟོགས་ཏེ།།
ཕྱི་གཙང་ནང་གཙང་རི་བོ་དགེ་ལྡན་པའི།།
གྲུབ་མཐའི་སྲོལ་འབྱེད་མཉམ་མེད་ཙོང་ཁ་པ།།
མགོན་པོ་ཁྱེད་ཀྱི་མཛད་འཕྲིན་གངྒའི་རྒྱུན།།
ཇི་ཙམ་གཞལ་ཡང་དཔོག་པ་མ་གྱུར་ཀྱང་།།
ཆུ་ཐིག་ཙམ་ཞིག་འབྲི་བའི་སྐབས་ཐོབ་པ།།
འདི་ཡང་བསོད་ནམས་བྱེ་བས་མཐུ་ལགས་སོ།།
གངས་བུ་ཞོགས་པས་དགའ་ལྡན་ལྔ་མཆོད་ཉིན་རྗེས་དྲན་ཙམ་དུ་བྲིས།
རྗེས་དྲན་གསོལ་འདེབས་དད་འདུན་འོ་མཚོ་གཡོས་པའི་རླབས་ཕྲེང་།
ཤེས་རབ་འཚོལ།
ཨོཾ་བདེ་ལེགས་སུ་གྱུར་ཅིག
རིང་ནས་བྱང་ཆུབ་སྤྱོད་པའི་མཐར་སོན་ཅིང་།།
འཇིག་རྟེན་ཀུན་གྱི་མ་འདྲིས་མཛའ་བའི་བཤེས།།
ཤེས་བྱའི་དཀྱིལ་འཁོར་ཀུན་གཟིགས་སྤྱན་ཡངས་པ།།
མཚན་མཆོག་བརྗོད་དཀའི་བླ་མར་སྒོ་གསུམ་གུས།།
དཔག་མེད་བསྐལ་བ་འདས་པའི་སྔོན་རོལ་ན།།
རྒྱལ་སྲས་རྒྱ་མཚོའི་འདུན་སར་མགོན་ཁྱེད་ཀྱིས།།
སྟོང་ཉིད་ལྟ་དང་འབྲེལ་བའི་སྔགས་ཀྱི་ལམ།།
རྒྱས་པར་མཛད་པའི་དམ་བཅའ་བདག་གིར་བཞེས།།
དུས་དེར་རྒྱལ་བ་དབང་པོའི་ཏོག་ཉིད་ཀྱིས།།
འཛུམ་པའི་ཞལ་གྱིས་འདི་ནས་བྱང་ཤར་མཚམས།།
ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་སུ།།
འཚང་རྒྱའི་ལུང་བསྟན་མཛད་ལ་གསོལ་བ་འདེབས།།
བསྐལ་བཟང་རྣམ་འདྲེན་བཞི་བ་རྡོ་རྗེའི་གདན།།
བྱོན་ཚེ་རིན་ཆེན་ཤེལ་འཕྲེང་བརྒྱ་རྩ་གཅིག།
ལེགས་པར་ཕུལ་བ་པད་མའི་ངང་ལྡན་ཞེས།།
བྲམ་ཟེའི་ཁྱེ་འུར་འཁྲུངས་ལ་གསོལ་བ་འདེབས།།
སྟོན་པ་འཁོར་བཅས་མ་དྲོས་མཚོ་འགྲམ་དུ།།
དབྱར་བཞུགས་མཛད་པར་ཀླུ་རྒྱལ་རབ་དད་དེ།།
དུང་དཀར་ཕུལ་བ་འགོག་པ་རི་ལ་སྦས།།
ལུང་བསྟན་དབུགས་དབྱུང་མཛད་ལ་གསོལ་བ་འདེབས།།
དེ་ནས་བཟུང་སྟེ་བསྟན་དང་འགྲོ་བའི་སླད།།
འཕགས་པའི་ཡུལ་དང་བསིལ་ལྡན་ཁ་བའི་ཞིང་།།
པཎྜི་ཏ་དང་སྐད་གཉིས་སྨྲ་བ་སོགས།།
སྐྱེས་ཕྲེང་རིམ་པར་བྱོན་ལ་གསོལ་བ་འདེབས།།
ལྷ་དང་བླ་མས་འཁྲུལ་མེད་ལུང་བསྟན་བཞིན།།
བྱ་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུར།།
རིགས་རུས་ཆོ་འབྲང་ལྡན་པའི་ཡབ་ཡུམ་གྱི།།
སྲས་སུ་བདེ་བར་གཤེགས་ལ་གསོལ་བ་འདེབས།།
སྔོན་ཚེ་བག་ཡོད་གོམས་པའི་མཐུན་རྐྱེན་གྱིས།།
བྱིས་པའི་སྤྱོད་པ་ཕལ་གྱིས་མ་བསླད་ཅིང་།།
དགུང་ལོ་བདུན་ནས་ཆོས་རྗེ་བླ་མའི་དྲུང་།།
རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས།།
གདོད་ནས་ཆོས་ཀུན་གཞལ་བའི་ཡེ་ཤེས་སྤྱན།།
གསལ་ཡང་ཕལ་བའི་ཚུལ་གྱིས་མང་ཐོས་ནོར།།
བཙལ་ཕྱིར་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ།།
འབྱོན་པའི་ཐུགས་རབ་འཁྲུངས་ལ་གསོལ་བ་འདེབས།།
བརྒྱད་གཉིས་ལང་ཚོ་སྨིན་པའི་དུས་ཀྱི་ཆར།།
རྟག་ངུའི་རྣམ་ཐར་མཚུངས་པའི་དཀའ་ཐུབ་ངང་།།
ཆོས་རྗེ་བླ་མའི་བསླབ་བྱ་སྙིང་བཅངས་ཀྱིས།།
དབུས་སུ་བསྐྱོད་པར་མཛད་ལ་གསོལ་བ་འདེབས།།
ཆུ་གླང་སྟོན་གྱི་དུས་སུ་འབྲི་ཁུང་དཔལ།།
སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་ཞབས་བཏུད་ནས།།
ཐེག་ཆེན་སེམས་བསྐྱེད་ཕྱག་ཆེན་ལྔ་ལྡན་སོགས།།
བཀའ་ཆོས་མང་དུ་གསན་ལ་གསོལ་བ་འདེབས།།
བདེ་བ་ཅན་སོགས་ཆོས་སྡེ་རྣམ་མང་ནས།།
རེ་མདའ་བ་གཙོས་བཤེས་གཉེན་དུ་མ་ལས།།
མདོ་སྔགས་གཞུང་ཀུན་སྦྱངས་པས་ཆོས་ཀྱི་ཆུས།།
ཐུགས་ཀྱི་བུམ་བཟང་གཏམས་ལ་གསོལ་བ་འདེབས།།
དུས་དེར་མི་དང་མི་མིན་འགྲོ་བ་དང་།།
བྱ་དང་ལྗོན་ཤིང་ཆུ་ཀླུང་རི་བྲག་སོགས།།
དབུས་འགྱུར་ཞིང་གི་གནམ་སའི་ཁྱོན་ཡངས་པོར།།
ཉིད་ཀྱི་མཛད་པས་ཁྱབ་ལ་གསོལ་བ་འདེབས།།
ཀླུ་སྒྲུབ་ཡབ་སྲས་ཨ་བྷྱ་ཀ་ར་སོགས།།
མངོན་སུམ་གཟིགས་ཤིང་ཁྱད་པར་འཇམ་དབྱངས་ཀྱིས།།
དཔལ་ལྡན་འདུས་པའི་རྒྱུད་དང་ཟབ་མོའི་དོན།།
དངོས་སུ་འདོམས་པར་མཛད་ལ་གསོལ་བ་འདེབས།།
དེ་ཡི་མཐུ་ལས་སྟོང་དང་རྟེན་འབྱུང་གི།།
རྣམ་བཞག་མི་འགལ་ཕན་ཚུན་གྲོགས་སོ་ཞེས།།
ལེགས་པར་སྟོན་པའི་ལྟ་བའི་ལེགས་བཤད་ལྔ།།
གདུལ་བྱའི་མིག་ཏུ་སྐྲུན་ལ་གསོལ་བ་འདེབས།།
དཔག་མེད་བསྐལ་བའི་དམ་བཅའ་མ་ལྷོད་པ།།
མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་མཆོག།
ལྗོངས་འདིར་གསལ་བར་སྤེལ་བའི་དྲིན་ཅན་རྗེ།།
མཚུངས་མེད་འདྲེན་མཆོག་བླ་མར་གསོལ་བ་འདེབས།།
དེ་ལྟར་དམ་པའི་རྣམ་ཐར་ས་ཡི་ཁྱོན།།
བྱིས་བློ་ལྟོ་འགྲོའི་བྲང་གིས་མི་འཇལ་ཡང་།།
ཅུང་ཟད་བསྟོད་པའི་དབྱངས་སུ་འཐེན་པ་དེས།།
སྐྱེ་ཀུན་འཇམ་དབྱངས་བླ་མས་རྗེས་འཛིན་ཤོག།
རྒྱལ་བ་གཉིས་པའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས།།
དྲངས་པའི་དྲི་མེད་རྒྱལ་བསྟན་འོད་པོ་ཆེ།།
འགྲོ་བའི་སྐལ་བཟང་ཤར་རིའི་ཕྲག་པ་ནས།།
ནུབ་མེད་གླིང་བཞིའི་མཁའ་ལ་རྟག་འབར་ཤོག།
མདོ་སྔགས་ས་ལམ་བགྲོད་པའི་གྲོགས་ཀྱི་མཆོག།
བྱང་ཆུབ་སེམས་དང་ཡང་དག་ལྟ་བའི་གནད།།
རིམ་གཉིས་ཟབ་མོའི་རྟོགས་པ་མཐར་སོན་ནས།།
རྒྱལ་བ་གཉིས་པའི་གོ་འཕང་མྱུར་ཐོབ་ཤོག།
ཅེས་རང་ཅག་གི་འདྲེན་མཆོག་མཚུངས་ཟླ་མ་མཆིས་པ་རྒྱ་བོད་མཁས་རྒུའི་གཙུག་རྒྱན་ཤར་རྒྱལ་བ་༧ཙོང་ཁ་བ་ཆེན་པོ་རྗེས་སུ་དྲན་པའི་གཏམ་དུ་གུས་ངག་རིག་གིས་སྦྱར་བའོ།།
ཡབ་རྗེ་བླ་མ་ཙོང་ཁ་བ།
ཡར་གངས་དཀར་རི་བོའི་ཕྱོགས་སུ་གྱེར་དུས།།
གངས་དེ་ཡིས་འཛམ་གླིང་སིམ་གཉིས་བཟུང་འདྲ།།
དེ་མཐོང་བའི་ཡབ་རྗེའི་སྐུ་དྲིན་དྲན་བྱུང་།།
ཁྱེད་དྲན་པའི་གདུང་བ་སུ་ཡིས་འགོག་ཨང་།།
ཆུ་དྭངས་མོའི་མཚོ་འགྲམ་མེ་ཏོག་བལྟས་པའི།།
ཡིག་འཕྲོག་པའི་སེམས་པ་དབང་མེད་ཤོར་སོང་།།
བཀའ་མདོ་རྒྱུད་ཉིང་ཁུ་ལེགས་བཤད་རིང་མོ།།
ཡིད་དད་པའི་ཀློང་ནས་མཇལ་འདོད་སྐྱེས་སོང་།།
རི་ཁ་བ་ཅན་གྱི་ཞིང་ཁམས་འདི་རུ།།
སྐྱབས་སྟོན་པ་སླར་ཡང་བྱོན་དང་མཚུངས་པའི།།
ཐུགས་རྒྱ་མཚོ་ལས་ཟབ་ཡབ་རྗེ་བླ་མ།།
ཁྱོད་དྲན་པའི་དད་པ་ཡལ་བར་མི་སྲིད།།
ཅེས་ཛམ་མིང་བས་དགའ་ལྡན་ལྔ་མཆོད་སྐབས་འདིར་གུས་པ་དང་བཅས་རང་མོས་བསྟུན་ནས་བྲིས་པའོ།།
ཙོང་ཁའི་བདག་ཉིད་ཆོས་རྗེ་མི་ཕམ་མགོན།།
བློ་དང་རིགས་པས་ཕྱོགས་བཞི་ཟིལ་གྱིས་གནོན།
སྙིང་རྗེ་མཚུངས་མེད་དྭངས་གཙང་ཆུ་བོ་འདྲ།།
སྙན་གྲགས་ཆེན་པོ་ཁམས་གསུམ་ཡོངས་ལ་གྲགས།།
བླ་མ་འདས་པའི་ལོ་ཟླ་སྐྱ་བོ་ཡིས།།
དགོན་སྡེ་གྲྭ་ཚང་སེམས་ལ་འཁྱགས་རོམ་ཞིག།
ཨ་མ་རྒན་མོ་སེམས་ལ་སྨྱོ་གཏམ་ཞིག།
མགྱོགས་མྱུར་ཕེབས་རོཊ་བླ་མ་ལྷག་པའི་ལྷ།།
བདེན་དུངས་སམ་འཕེལ་རྒྱས་གྱིས།
རྗེ་བློ་བཟང་གྲགས་པའི་འདས་མཆོད་བསུ།།
འཁོར་བར་སྙིང་བོ་མེད་པ་དང་།
ཆོས་རྣམས་སྟོང་བ་ཉིད་དུ་གཟིགས།།
ཁམས་གསུམ་འགྲོ་བའི་སྒྲོན་མེ་ཆེ།།
བློ་བཟང་གྲགས་པའི་ཞབས་ལ་འདུད།།
རྣམ་དག་རིགས་བརྒྱའི་མགོན་པོ་ཁྱེད།།
རྣམ་དཔྱོད་ཉི་མའི་འཛུམ་ཟེར་ཁྱེད།།
ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས།།
བསྟིམས་པའི་དུས་ཚེས་ཅིས་མི་བསུ།།
རིགས་གསུམ་མགོན་པོའི་རྣམ་རོལ་བ།།
ཉོན་མོངས་བྲལ་བའི་ཤེས་རབ་ཅན།།
སྐལ་བཟང་གདུལ་བྱའི་གཙུག་གི་རྒྱན།།
མགོན་པོ་ཁྱེད་ལ་བདག་ཀྱང་འདུད།།
ཡབ་རྗེ་སློབ་དཔོན་ཙོང་ཁ་པར་ན་མོ།
དགའ་ལྡན་བསྟན་པའི་སྲོལ་འབྱེད་སྣ་བོ་ཆེའི།།
ལུང་རིགས་ཅང་ཤེས་མྱུར་བའི་བང་རྩལ་གྱིས།།
བསྟན་པའི་མེ་རོལ་སླར་ཡང་གསལ་བར་བྱས།།
ལེགས་བཤད་གཞུང་ལ་མཁས་པའི་དད་རྟགས་ཡིན།།
རྗེས་དྲན།
བདུད་བཞི་མཐའ་ལས་བྲལ་བའི་དཔའ་བོ་དངོས།།
སྐྱེ་འགྲོ་ཀུན་གྱི་མ་འདྲིས་གཉེར་གཅིག་པུ།།
དགེ་ལུགས་བསྟན་པའི་སྲོལ་འབྱེད་ཙོང་ཁ་པ།།
མཚུངས་མེད་བླ་མ་ཁྱེད་ལ་གུས་པས་འདུད།།
ཞྭ་སེར་རིང་ལུགས་གསལ་མཛད་བློ་བཟང་གྲགས།།
རླབས་ཆེན་མཛད་འཕྲིན་གོ་ལའི་ཁྱོན་ཀུན་འགེངས།།
ཁྱེད་ཀྱི་རྨད་བྱུང་ལེགས་བཤད་དགའ་སྟོན་རེས།།
སྔ་རབས་མཁས་རློམ་ཕལ་རྣམས་ཟུམ་པར་བྱས།།
སངས་རྒྱས་ཀུན་གྱི་ངོ་བོ་གཅིག་འདུས་ཁྱེད།།
མཁས་གྲུབ་རྒྱུ་སྐར་ཁྲོད་ནས་རི་བོང་འཛིན།།
བཅུ་ཕྲག་རིག་གཞུང་ཟབ་མོ་ཐུགས་སུ་ཆུབ།།
རྣམ་དཔྱོད་རིག་པའི་བང་རྩལ་སུ་ཡིས་འགྲན།།
འཇམ་མགོན་བདག་ཉིད་ཆེན་པོའི་འདས་སྐར་དང་བསྟུན་རྗེས་འཇུག་གི་སློབ་བུ་ཤེས་ཡོན་འཚོལ་ལམ་དཀོན་མཆོག་ཆོས་བཟང་གིས་རྗེས་དྲན་དུ་བྲིས་པའོ།།
རྗེས་དྲན།
བླ་མ་དྲན་པའི་མཆོད་དབྱངས་འདི་ནས་དར།།
སིལ་སྙན་སྒྲ་དང་དབྱངས་རྟ་འདི་ནས་འཁྲོལ།།
རྒྱལ་བ་བློ་བཟང་གྲགས་པའི་རྗེས་དྲན་འདི།།
སྐལ་བཟང་གདུལ་བྱ་དད་པའི་མཆོད་སྤྲིན་ཡིན།།
2018/12/2ཉིན་ཟུར་མིག་གིས།
རྩ་བའི་བླ་མ།
ང་ཡི་རྩ་བའི་བླ་མ།།
ཡབ་རྗེ་བློ་བཟང་གྲགས་པ།།
འདས་པའི་ཚེས་གྲངས་འདི་ལ།།
སྐྱབས་བྲལ་གྲྭ་ཆུང་བདག་གིས།།
གསོལ་བ་ཡིད་ནས་འདེབས་ཡོད།།
དྲིན་ཆེན་རྩ་བའི་བླ་མ།།
རྗེས་དྲན་དུས་འདི་སླེབས་པས།།
ཐལ་མོ་སྙིང་ལ་སྦྱར་ནས།།
དྲན་པའི་དབྱངས་རྟ་འཐེན་ཡོད༎
2018/12/2ཉིན་ཟུར་མིག་གྱིས།
ཁྱེད་ནི་ཞི་བདེ་དངུལ་གྱི་ལྡེ་མིག་རེད།།
ཁྱེད་ནི་སྙིང་རྗེ་འོད་ཀྱི་སྒྲོན་མེ་རེད།།
ཁྱེད་ནི་དུས་རབས་ཤིག་གི་ནོར་བུ་རེད།།
ཁྱེད་ནི་གདོང་དམར་ཚང་གི་དཔའ་བོ་རེད།།
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡིས།།
བསྟན་དང་འགྲོ་བ་ཕྱག་གིས་བསྐྱངས་མཛད་པས།།
འདི་དང་ཕྱི་མའི་རྣམ་པ་ཐམས་ཅད་དུ།།
འབྲལ་མེད་རྗེས་བཟུང་མགོན་དུ་བྱོན་གྱུར་ཅིག།
རྗེས་དྲན།
གཉིས་སྣང་ཀུན་རྫོབ་ཀྱི་མཐར་རུ་ཕྱིན་པའི།།
དོན་དམ་རྟོགས་དཔྱོད་ཀྱི་འོད་ཟེར་འཕྲོ་མཁན།།
ཡེ་ཤེས་གཞལ་ཡས་ཀྱི་ཁང་བཟང་ནང་དུ།།
བགྲོད་པའི་ཐེམ་སྐས་དེ་བླ་མས་འཛུགས་སོང་།།
མགོན་རྗེ་བཙུན་བློ་བཟང་གྲགས་པ།།
སྐུ་ལྷ་ལམ་འགྲིམ་པ་ཚུན་ཆད།།
མགོན་མེད་པའི་ཉམ་ཐག་སློབ་བུ།།
མིག་ཆུ་བོའི་བཞུར་རྒྱུད་ཆད་མེད།།
༢༠༡༨ -༡༢ -༢ མིའུ་ཆུང་ཆུང་གིས་བྲིས།།
བཅུ་བའི་ལྔ་མཆོད་ཆེན་མོ་ལ་ཕུལ།
རྒྱལ་དང་རྒྱལ་སྲས་གསུང་རབ་མ་ལུས་པ།།
ཇི་བཞིན་དགོངས་པ་རིཊ་པས་གཏན་འབེབས་ཤིང་།།
ལེགས་བཤད་གཞོན་ནུ་སྒེག་མོའི་སྐུ་ལུས་ལ།།
སྙན་ངག་རིན་ཆེན་སྤྲས་པ་ཁྱོད་ལས་སུ།།
རྒྱལ་སྲས་སེམས་དཔའ་སེམས་དཔའ་ཆེ།།
རིཊ་དྲུག་སྡུག་བསྔལ་སེལ་བའི་མ།།
འགྲོ་བའི་སྙིང་གི་ཉི་མ་གཞོན།།
བློ་བཟང་གྲགས་པའི་ཞབས་ལ་གུས།།
༢༠༡༨བོད་ཟླ༡༠ཚེས༢༥ཉིན་ཕུན་ཚོགས་དར་རྒྱས་སམ་སྒྲ་གཅན་འཛིན་གྱིས།
རྒྱལ་བ་ཙོང་ཁ་བའི་འདས་མཆོད།
གནས་དབུས་འགྱུར་ས་ཆེན་མཛད་འཕྲིན་གྱིས་ཁྱབ་ཅིང་།།
གསུང་ཚད་མའི་ཆུ་བོ་ལྷང་ལྷང་དུ་བཞུར་བའི།།
ཁྲིམས་གཙང་བའི་བུ་སློབ་སྐར་ཚོགས་ལས་མང་བ།།།
རྗེ་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་ནོ།།
རྗེ་བླ་མ་ཁྱེད་རང་ས་ཆེན་གྱི་ནོར་བུ།།
སྐུ་གཤེགས་པས་མ་བཟོད་ཡིད་གདུང་གི་འོ་དོད།།
ཚེས་ཉེར་ལྔའི་ས་སྲོད་དབེན་རི་ནས་བོས་ཡོད།།
བྱང་དགའ་ལྡན་ཞིང་ནས་གསན་པ་ཞིག་ཨེ་བྱུང་།།
དེ་རིང་སྟེ་དགའ་ལྡན་ལྔ་མཆོད་དང་སྐབས་བསྟུན་རྒྱལ་བ་བློ་བཟང་གྲགས་པའི་འདས་མཆོད་ཉིན་ཤེས་རབ་མེ་ལྕེ་འམ་ཤེས་རབ་བརྩོན་འགྲུས་ཀྱིས་བྲིས།
ཙོང་ཁའི་བླ་མ་དམ་པ་ཁྱེད་ཉིད་ལ།།
སྐད་ཅིག་ཙམ་ཡང་ལོག་པ་མི་ལྟ་ཞིང་།།
ཅི་མཛད་ཆོས་སུ་མཐོང་ནས་མོས་གུས་ཀྱིས།།
ཁྱེད་ཀྱི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
༢༠༡༨བོད་ཟླ༡༠ཚེས༢༥ ࿐བློ་གསལ་བ་ནས།
༼. ༧ ༽ ཡབ་རྗེ་བླ་མ་བློ་བཟང་གྲགས་པ།
སྐུ་གཟུགས་ཡིད་འོང་དར་གྱིས་ཅོད་པཎ་ཅན། །
གསུང་དབྱངས་མགྲིན་ལ་དྲུག་འགྱུར་གདངས་ཀྱིས་བརྒྱན། །
ཐུགས་ཀྱི་དཀྱིལ་འཁོར་བརྩེ་བའི་ངང་ཚུལ་ཅན། །
འཇམ་དགོན་ཙོང་ཁ་པ་ལ་གུས་པས་འདུད། །
སྒྲིབ་གཉིས་ཟད་པ་སྤངས་པའི་བཅོམ་ལྡན་ཁྱེད། །
མ་རིག་མུན་པ་སེལ་མཁས་བཅོལ་ལྡན་ཁྱེད། །
བདག་ཅག་སྙིང་གི་དབུས་ནས་བཅོམ་ལྡན་ཁྱེད། །
སྒོ་གསུམ་གུས་པས་སྒོ་ནས་ཕྱག་མཚལ་ཁྱེད། །
རྗེ་ཉིད་ཀྱི་རྗེས་འཇུག་དྲ་མིང་དྭངས་བསིལ་དང་དངོས་མིང་འཕྲིན་ལས་བཟོད་པས་བྲིས། སྐབས་འདིའི་ལྔ་མཆོད་དང་བསྟུན།
ང་ཡི་བླ་མ་བློ་བཟང་གྲགས་པ་ཁྱེད།།
བདེ་བ་ཅན་དང་དགའ་ལྡན་གནས་ལ་སོགས།།
དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་རུང་། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།
༧ ཡབ་རྗེ་བླ་མ་ཙོང་ཁ་པ་དྲན་པ།
ལྷ།
ཁྲིམས་གཙང་དགེ་ལུགས་ཆོས་ལྡན་ཞིང་མཆོག་ན།།
རིགས་དྲུག་འཁོར་བའི་ཆེད་དུ་མིའིི་གཟུགས་སྤྲུལ།།
རྒྱ་ཆེན་ཐོས་པའི་རིག་རྩལ་ཕྱོགས་ཀུན་རྒྱས།།
འཇམ་དབྱངས་བློ་བཟང་གྲགས་པར་ཕྱག་འཚལ་ལོ།།
འདབ་ལྡན་པདྨའི་འཁོར་ན་ཕྱག་རྒྱ་ཅན།།
ཡབ་རྗེ་བླ་མ་བློ་བཟང་གྲགས་པ་ལགས།།
མགོན་མེད་སློབ་ཕྲུག་ངེད་ཅག་མགོ་རྨོངས་བས།།
མདོ་སྔགས་བདུད་རྩིིའི་ཆར་གྱིས་དངོས་གྲུབ་སྩོལ།།
མདོ་ནས་ལུང་བསྟན་བླ་མ་རིན་པོ་ཆེ།།
དགོངས་པ་རྫོགས་པའི་ལོ་འཁོར་ངོས་འཛིན་ཏེ།།
སྐྱབས་མེད་དྭ་ཕྲུག་ལྟ་བུ་ངེད་ཅག་གིས།།
དེ་རིང་ཁྱེད་ཉིད་དྲན་པའི་སྙན་ངག་འབྲི།།
༢༠༡༨བོད་ཟླ༡༠ཚེས༢༥ཉིན་བྲིས་པའི་སྙན་ངག་གི་སྒྲོན་མེ་ཞིག
༧ རྗེ་ཙོང་ཁ་པ་བརྗོད་པ།
ཟླ་བ་ཚེ་རིང་ངམ་ལྷས།
ཉི་འོད་དང་འགྲོགས་ཏེ
མི་མཐའ་དག་གི་སེམས་སུ་དྲོད་ཀྱིས་ཁེབས་པ རྗེ་བློ་བཟང་གྲགས་པའི་གཟི་བརྗིད
སྤྲིན་དང་གངས་རི་བཞིན
ཡོད་ཚད་ནག་ནོག་མ་གོས་པ
རྗེ་ཙོང་ཁ་པའི་གྲུབ་མཐའ
འུ་ཅག་གིས་འཛམ་གླིང་ན
ངོམ་ཆོག་ཆོག་ཞིག་ཡོད་པ་ནི
རྗེ་ཙོང་ཁ་པའི་སྙན་ངག་ལ་འཐིམ་པའི་རྟུལ་ཕོད་ཁོ་ན་ཉིད
༢༠༡༨བོད་ཟླ༡༠བའི་དགའ་ལྡན་ལྔ་མཆོད་སྐབས་བྲིས།
༧ ཡབ་རྗེ་བླ་མ་བློ་བཟང་གྲགས་པ།
ཁྱེད་ཉིད་ཞིང་གཞན་ཕེབས་པའི་དུས་ཚོད་འདི།།
དོན་བཟང་ཚིག་སྙན་ཞལ་འདོན་དབྱངས་སུ་གྱེར།།
སྙན་པའི་རོལ་མོ་རྣ་བའི་གསོས་སུ་དཀྲོལ།།
དད་དང་འདུན་པའི་ཀློང་ནས་རྗེས་དྲན་ཞུ།།
ཞྭ་སེར་རིང་ལུགས་གསལ་མཛད་བློ་བཟང་གྲགས།།
མདོ་སྔགས་ཟུང་དུ་འབྲེལ་བའི་ལྟ་སྤྱོད་གཙང་།།
རྣམ་དཔྱོད་འཇུག་པ་ནམ་མཁའི་མཚམས་དང་མཉམ།།
མཁས་དགུའི་རྒྱན་ཞེས་བསྟོད་པ་དོན་གྱི་གཏམ།།
རིགས་གསུམ་གཅིག་ཏུ་འདུས་པའི་ངོ་བོ་དངོས།།
ཕ་གཅིག་བླ་མ་རྗེས་དྲན་མཆོད་པའི་སྤྲིན།།
ཆོས་བརྒྱད་ས་རྡུལ་སྐྱ་བོས་མ་བསླད་པ།།
ཡོད་རྒུའི་དགེ་ཚོགས་མགོན་ཁྱེད་དགྱེས་ཕྱིར་འབུལ།།
རྒྱལ་ཀུན་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།།
ཤེས་རབ་ཕྱོགས་གཅིག་བསྡུས་པའི་ལྷག་པའི་ལྷ་ཡི་ངོ་བོ།།
མཐུ་དང་ནུས་པའི་དབང་ཕྱུག་གསང་བདག་ངུར་སྨྲིག་ཟློས་གར།།
༧ཡབ་རྗེ་བླ་མ་དམ་པར་སྒོ་གསུམ་གུས་པས་འདུད་དོ།།
ཞེས་པ་འདི་ཡང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཉིད་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་པའི་ཉིན་ཏེ། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ་རྗེས་དྲན་གྱི་ཚུལ་དུ་དམ་པ་ཉིད་ཀྱི་རྗེས་འཇུག་གི་མིང་ཙམ་ཟིན་པའི་ཁམས་སྨན་སྨྱུག་གམ་བསྟན་འཛིན་ཆོས་འཕེལ་གྱིས་བྲིས
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་རྗེས་དྲན་སྐབས་ལོ་རྒྱུས་འཛིན་གྲྭ་ཐུན་མོང་ནས་ཚོད་ལྟའི་མཉམ་འབྲེལ་སྙན་ངག་ཐེངས་དང་པོ་རེ་ཞིག་མཇུག་ལེགས་པར་གྲུབ་བོ།། །། དགེའོ།།