ཧྥ་ཤན་ལམ་ཡིག 法显传
རྒྱའི་བཙུན་པ་ཧྥ་ཤན་ནི་སྤྱི་ལོ་(335)ལོར་ཅིན་ཤར་མའི་རྒྱལ་པོ་གསུམ་པ་ཁྲན་ཏིའི་སྐབས་སུ་ཧྲན་ཤིས་ཞིང་ཆེན་གྱི་ཁོང་གཏོགས་སུ་སྐུ་འཁྲུངས། སྤུན་ཆེ་བ་གསུམ་ཆུང་དུས་ནས་རིམ་གྱིས་གྲོང་། ཁོང་ཡང་ཕ་མས་གྲོང་དུ་དོག་ནས་དགུང་ལོ་གསུམ་ལ་ལོན་སྐབས་དགོན་པ་བསྐྱལ་ནས་ཆོས་སྒོར་ཞུགས། ཕ་མ་ཚེ་ལས་འདས་རྗེས་མི་ཚེ་ཧྲིལ་པོ་ཆོས་སྒོ་ཞུགས་རྒྱུར་ཐག་བཅད། ཐོས་བསམ་སློབ་གཉེར་ལ་ཞུགས། རྒྱ་རྒྱུད་ནང་བསྟན་དུ་འདུལ་བའི་མ་དཔེ་ཧ་ཅང་དཀོན་པོ་ཡིན་སྟབས་དེ་བཙལ་འཚོལ་གྱི་ཆོད་སེམས་བརྟན་པོ་བསྐྱངས་ནས་རང་ཉིད་དགུང་ལོ་རེ་ལྔ་པ་སྤྱི་ལོ་(399)ལོར་ལམ་གྲོགས་ཁ་ཤས་དང་མཉམ་དུ་རྒྱལ་ས་ཁྲང་ཨན་ནས་ཆས། དར་གོས་ཚོལ་བརྒྱུད་དེ་ཏུན་ཧུང་ནས་ཤིན་ཅང་། ཁ་ཆེ། ཨུ་རྒྱན་ཡུལ་སོགས་བརྒྱུད་དེ་མཐར་(402)ལོར་རྒྱ་གར་ནུབ་བྱང་ནས་འཕགས་ཡུལ་དུ་འབྱོར།
ཁོང་དང་དུས་མཉམ་པ་ནི་སློབ་དཔོན་ཐོག་མེད་སྐུ་མཆེད་དང་ཀུ་མཱར་ཇི་བ་གསུམ་ཡིན་ཡང་ལམ་ཡིག་དུ་མཇལ་འཕྲད་བྱས་པའི་སྐོར་འཁོད་མེད་པས་ཕལ་ཆེར་མཇལ་མེད་ཚོད་རེེད། རྡོ་རྗེ་གདན་དང་ནཱལནྜཱ་སོགས་གནས་ཆེན་ཁག་ལ་ཕེབས། ལོ་བཅུ་ལྷག་ཙམ་རིང་རྒྱ་གར་གྱི་སྐད་སྦྱང་ཞིང་དམ་ཆོས་འདུལ་བ་ལེགས་པར་སྦྱང་ཏེ་དགོས་འདོད་ཀྱི་ཆོས་དཔེ་ཚང་མ་བཙལ་འཚོལ་བྱུང་ནས་ལྷོ་ཕྱོགས་ཤྲེ་ལངྐ་ལ་ཕེབས་ནས་ལོ་གཉིས་ལ་གསན་སྦྱོང་མཛད། དེ་ནས་ལྷོ་རྒྱ་མཚོ་བརྒྱུད་དེ་ཕྱི་རྒྱ་ཡུལ་དུ་དགོངས་ལོ་གྱ་གཅིག་པ་ཕྱི་ལོ་(416)རྒྱ་ནག་ཏུ་ཕྱིར་ལོག བསྣམས་ཡོད་པའི་རྒྱ་ཆོས་ཕྱག་དཔེ་རྒྱ་ནག་གི་ཡི་གེར་ཕབས་ཤིང་འཆད་ཉན་མཛད་དེ་མི་ཚེ་ཧྲིལ་པོར་དམ་པའི་ཆོས་ལ་བཅོལ་ནས་དགུང་ལོ་གྱ་དྲུག་བཞུགས་ནས་སྐུ་གཤེགས།
ལམ་ཡིག་འདི་ད་ལྟ་བོད་ཡིག་ཐོག་ཏུ་འགྱུར་མི་འདྲ་བ་གཉིས་ཡོད།
གཅིག (1869)ལོར་དབྱིན་ཡུལ་གྱི་ཆོས་ལུགས་རིག་པ་མཁས་ཅན་ཞིག་གིས་དབྱིན་ཡིག་ཏུ་བསྒྱུར། དེའི་རྗེས་ཧོར་ཡིག་གམ་སོག་ཡིག་ཏུ་བསྒྱུར། ཧོར་ཡིག་ནས་སོག་པོ་བློ་བཟང་རྟ་དབྱངས་ཀྱིས་སྤྱི་ལོ་(1918)ལོར་བོད་ཡིག་ཏུ་བསྒྱུར།
གཉིས། (2006)ཡུལ་གྱར་བའི་བཀའ་བློན་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གྱིས་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར་ཞིང་རཀ་ར་རིན་པོ་ཆེ་སོགས་ཀྱི་བསྐྱར་ཞིབ་དང་ཞུ་དག་མཛད་དེ་དཔར་དུ་བསྐྲུན་པའོ། མ་ཡིག་ལ་ལེའུ་བཞི་བཅུ་ཐམ་པ་ཡོད།
ཟིན་འགོད་པ། ——རྨོངས་སད།