ཨ་མའི་བྱམས་བརྩེ།
ང་ཡི་ཚེ་སྲོག་ཕྲ་མོ་འཇིག་རྟེན་ལ་ཐོན་དུས།།
གོམ་ཁ་ཡ་གཅིག་འདེགས་པའི་ནུས་པ་རང་མེད་ལ།།
དེ་དུས་དྲིན་ཆེན་མ་ལོའི་ཕྱག་ཟུང་གི་པང་ནས།།
བརྩེ་བའི་འོ་ཐིགས་ཞིམ་པོས་ལུས་སྟོབས་དེ་རྒྱས་སོང་།།
རྒྱུས་མེད་ཁྱིམ་དུ་སྐྱོ་བའི་ངུ་སྐད་ཀྱིས་ཐོན་དུས་།།
ལྐུག་ཅིང་གླེན་ལ་ཅི་ཡང་མི་ཤེས་པའི་མི་ཞིག།
འཛུམ་མདངས་ལྷ་ལས་འཕོས་པའི་བྱམས་སེམས་ཀྱི་བདག་མོས།།
གཅེས་པའི་ལུས་རྟེན་དྲོད་ཁོལ་འཇམ་ཡིས་གསོས་སོང་།།
ང་ནི་མི་ཤེས་རྨོངས་པའི་མཐུ་འོག་ན་ཡོད་དུུས།།
སྙིང་སྡུག་ཨ་མའི་བརྩེ་བ་དྲོན་མོ་ཡིས་ཀླན་ཏེ།།
ཐོག་མར་ལམ་ལ་འགྲོས་པའི་གོམ་སྟབས་དང་ལྷན་དུ།།
སྐས་ད་ཆ་རྡབ་རྡོབ་སྨོས་པའི་ཤེས་བྱ་ཞིག་བསླབས་སོང་།།
ཟས་ཀྱི་དྭངས་མ་ཡོད་ཚད་ང་རང་ལ་བྱིན་མྱོང་།།
མཛེས་པའི་གོས་རྒྱན་མང་པོ་ང་རང་ལ་ཕུལ་མྱོང་།།
མདོར་ན་ཨ་མའི་ཡོད་ཚད་ང་རང་ལ་གནང་མྱོང་།།
ཁྱེད་ནི་བྱང་སེམས་ལྷ་མོའི་སྤྲུལ་བ་ཞིག་ཡིན་སྙམ།།
ཨ་མའི་ཞལ་རས་དབྱར་གསུམ་སྤང་ལྗོངས་ཀྱི་མེ་ཏོག།
ཨ་མའི་བརྩེ་བ་ནམ་མཁའ་གཡའ་དག་གི་འོད་དཀར།།
ཨ་མའི་ཡོད་ཚད་གཅེས་ཕྲུག་ཆུང་ཆུང་གི་བདེ་སྐྱིད།།
ཨ་མ་ཚེ་རིང་ནད་མེད་ལོ་བརྒྱ་རུ་འཚོ་ཤོག།