བརྩེ་བའི་དམུ་ཐག
མ་བཟང་བུ་མོ།
ལྗང་མྱུག་གི་དགའ་ཚལ་རྒྱས་ཏེ།།
པད་མ་དང་སྦྲང་མ་འཛོམས་བྱུང་།།
གྲོང་ཁྱེར་གྱི་འོད་གཞི་འཕྲོས་པས།།
སྙིང་སྡུག་དང་ངེད་གཉིས་མཇལ་བྱུང་། །
དབྱར་ཟླ་ཡི་སྤང་ལོའི་ཁུད་ནས།།
བདེ་སྐྱིད་ཀྱི་གར་ལ་འཁྱུད་སོང་། །
སྣ་འཛོམས་ཀྱི་གནས་མཆོག་དེ་ནས།།
ཡིད་འོང་གི་གར་ལ་རྩེན་སོང་།།
ལྷགས་རླུང་གི་སྤུ་གྲུ་རྣོ་ཡང་།།
འགྱུར་མེད་ཀྱི་དམ་བཅའ་ཡོད་སོང་།།
འཁོར་བ་ཡི་ཁུར་བོ་ལྕི་ཡང་།།
གདོང་མཆོང་གི་འདུན་པ་མི་ཞུམ།།
ཁ་བ་ཡི་འདབས་མ་བཅོམ་ཡང་།།
ཚེ་སྲོག་གི་གཟུང་ཐག་མི་ཆད།།
འཚོ་བ་ལ་ལྡེམ་མྱུར་ཆེ་ཡང།།
བྲལ་བ་ཡི་ཐ་ཚིག་མི་སྒྲོག།