࿑རྨི་ལམ་ནང་གི་ཕོ་བྲང་།
སྲིད་པའི་ཁ་དོག་དཀར་ཁྲ་དམར་ཁྲ་ཡིན།།
རྟོག་འགྱུའི་རོལ་དབྱངས་དེ་ཡི་རྗེས་འབྲང་རེད།།
རྨི་ལམ་གསར་བ་སེམས་ཀྱི་ཕོ་བྲང་དང་།།
ཁྱེད་ཅག་ཕོ་བྲང་ནང་གི་ལྷ་སྐུ་རེད།།
ཉག་ག་ཕ་ཀི་འབྲོང་ཁྱུ་གཤར་ལམ་ཡིན།།
རྡོ་བ་ལེབ་མོ་འབྲོང་ཁྱུའི་རྨིག་རྗེས་རེད།།
ཉག་ག་དེ་ནས་འགྲོ་བའི་སྐུ་མགྲོན་དག།
ལབ་རྩེ་ཁ་གསོ་གཏོང་རྒྱུ་མ་བརྗེད་ཨ།།
ཞོགས་པའི་སྐར་མདའ་སྣང་བའི་རུམ་ཁར་བབས།།
སེམས་པའི་རི་མོ་ཡིག་འབྲུའི་གསེང་ལ་ཐིམས།།
སྐྲ་ལོའི་གཟེབ་ནས་འགྲིལ་བའི་རྔུལ་ཆུ་དག།
རེ་བའི་དཀར་འོད་འཚོལ་བའི་རི་འགག་རེད།།
ཀླུང་འགྲམ་མེ་ཏོག་སྣང་བའི་སྤར་གྱིས་བཏུས།།
རི་རྩེའི་རྫི་བོ་དག་གི་མགུལ་དུ་བསྒྲོན།།
ཡོད་ཚད་མྱི་ལ་སྦྱིན་པའི་དབུལ་བོ་ཚོ།།
ང་ཡིས་བསམ་ན་བཀའ་དྲིན་རི་ལས་མཐོ།།
འཇམ་དབྱངས་བློ་འཕེལ་སློབ་གྲྭ་ལོ་འཁོར་བརྒྱད་ལོན་པའི་དུས་དྲན་དང་འབྲེལ་སློབ་གྲོགས་ཁ་གསོན་པོས།
༢༡༤༤/༩/༢༢
࿑ཁམས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་
འཁོར་བརྒྱད་ལོན་པས་དུས་ཞུ།
ལོ་ངོ་བརྒྱད་ཀྱི་རིང་ལ་ཕ་མར་ལྟར་བསྐྱང་བའི།།
བསྐྱེད་པའི་ཕ་དང་སྦྱིན་པས་མ་ཡི་ལུས་འདི་ཉིད།།
བསྐྱང་བའི་ཁྱེད་ཅག་ང་ཚོར་དྲིན་གྱིས་མཐུ་ཆེ་བ།།
དེ་རིང་འདས་སོང་ལོ་ངོ་བརྒྱད་ཀྱི་དུས་དྲན་བསུ།།
ཡུལ་བ་དམངས་ཚོགས་དེ་ཡི་ཕན་ནུས་བསམ།།
མ་ཡུམ་གཞིའི་ཀ་ཞེས་པའི་སློབ་གླིང་འདིར།།
འཚོ་བ་ཐབས་ཆགས་ཙམ་ལས་ཡུན་རིང་དེར།།
བྱམས་ལྡན་དགེ་རྒན་ཁྱེད་ཚོར་དུས་དྲན་ཞུ།།
དང་པོ་སྦྲ་གུར་ཞིག་གིས་ནང་དཀྱིལ་ནས།།
སྒྱེད་པུ་ཆུང་ངུ་ཞིག་གི་མཐའ་བསྐོར་བྱས།།
ཀ་ཁ་ག་ང་ཞིག་གིས་ཀློགས་འདོན་བྱས།།
གོམ་ཁ་མདུན་དུ་སྤོས་ནས་ལོ་ངོ་བརྒྱད།།
གྲང་རླུང་ནང་དུ་འཁྱུད་པས་ས་ཁང་ཞིག་ནས།།
མལ་སྟན་སྲབ་བའི་དེ་ཡི་ཡང་སྟིང་ནས།།
མི་རབ་སྔོན་མ་ཞིག་གི་རྗེས་ཕྱོགས་སུ།།
གོམ་ཁ་ལྷན་དུ་བསྐྱོད་པ་ལོ་གྲངས་བརྒྱད།།
མེས་པོ་གོང་མ་འགའ་ཡི་ལོ་རྒྱས་ཀླགས།།
རྒྱབ་རབས་དུ་མ་ཞིག་གིས་ལོ་ཚིག་རྩིས།།
འདས་སོང་མི་རབས་དེ་ཡི་ཡ་སྔོན་བསམ།།
ཕུག་མདུན་རྒྱང་དུ་བསྐྱོད་པ་ལོ་ངོ་བརྒྱད།།
དགེ་རྒན་བཟང་པོ་ཚོ་ཡི་སྐུ་དྲིན་བསམ།།
བྱམས་ལྡན་ཕ་གཉིས་ཀྱིས་རེ་བ་བསམ།།
ཕྱི་རབས་གངས་ཅན་པ་ཡི་ལ་རྒྱ་བསམ།།
འདས་སོང་ལོ་ངོ་བརྒྱད་ལ་རྗེས་དྲན་ཞུ།།
ཉིན་ཞག་རྩིས་གྲངས་མེད་པས་ལོ་ངོ་བརྒྱད།།
བདག་གིས་དོན་ཆེན་ཀ་འདྲར་མ་འགྲུབ་ཀྱང་།།
འཕྲན་ཚག་ཆུང་ངུ་ཙམ་རེར་བྱས་པ་འདིས།།
སྐབས་རེ་ཞབས་ཞུ་ཨེ་འགྲུབ་བསམ་ཀུན་འདུག།
བརྩེ་བས་སློབ་གྲོགས་བྱམས་པས་དགེ་རྒན་རྣམས།།
ལོ་བརྒྱད་ལོན་པའི་དེངས་ཀི་རྗེས་དྲན་དེར།།
བྲིས་པས་རྩོམ་འདི་སྐུར་བས་ལག་སྐྱེས་མཚོན།།
ཡིད་ཀྱི་གམ་ནས་ལོ་བརྒྱད་ལོ་འཇུག་བསུ།།
20/17 ལོར་སློབ་བུ་་(ཟླ་འོད)་ནས།
࿑ལོ་ངོ་བརྒྱད་ལོན་པར་རྟེན་འབྲེལ་ཞུ།
ལོ་ངོ་བརྒྱད་འདས་ནས་དེ་རིང་གི་བར་དུ།
ལྷག་བསམ་དུང་ལྟར་དཀར་ཞིང་དུང་བ་མཚོ་ལས་ཟབ་པའི་སེམས་ཁོང་གི་དགེ་རྒན་རྣམས་ལ་བཀའ་དྲིན་ཆེ་ཞུ།
ལོ་ངོ་བརྒྱད་གི་སྔ་རོལ་ན་ང་དང་ང་འདྲ་བས་རང་སེམས་ལ་མུན་ནག་འཐུབ་ཅིང་
ཀ་ཁའི་སྒྲ་ཙམ་ཡང་གོ་མ་མྱོང་བས་སློབ་ཕྲུག་བརྒྱ་ཕྲག་ལྷག་ལ་ཡི་གེ་ཡིག་རྨོངས་སེལ་ཞིང་བདེན་དོན་དོན་གནས་ལུག་སྟོན་པའི་དགེ་རྒན་དྲིན་ཆེན་ཚོ་ལ་བཀའ་དྲིན་ཆེ་ཞུ།
ཁྱེད་ཅག་གི་བྱམས་རྩེའི་ངང་ནས་ང་དང་འདྲ་བས་ནོར་ནག་གི་རྫི་བོ་ལས་ཅི་ཡང་མི་ཤེས་པས་སློབ་ཕྲུག་རྣམས་ལ་ཧ་ཅང་སྙན་པའི་སྐད་ཡིག་གི་དབྱངས་རྟ་རེ་རེ་སྒྲོག་མྱོང་ལ་སྐད་ཡིག་གི་རིན་ཐང་རེ་རེ་འང་རབ་མེད་གསུང་མྱོང་བའི་དགེ་རྒན་ཚོ་ལ་བཀའ་དྲིན་ཆེ་ཞུ།
དུས་དེ་ནས་བཟུང་ལུས་ཀྱིས་སྨོན་ལམ་ཞིག་དང་ཁྱེད་ཅག་བཀའ་དྲིན་ལས་ང་འང་ངུར་སྨུག་གི་དྲོད་ཁོལ་འོག་ནས་ནར་སོན་སོང་།
མདོར་ན་དགེན་གཙོ་རྒན་པ་དང་བདག་ལ་བརྩེ་བའི་བསྐྱངས་མྱོང་བའི་དགེ་རྒན་རྣམས་ལ་ཅེས་ཀྱང་བཀའ་དྲིན་ཞུ་དགོས།
སློབ་གླིང་དང་དགེན་རྒན་ནི་ངས་རྟེན་ས་ཁེན་ས་ཡིན་པས་ཁྱེད་ཅག་སྔར་ལས་དར་དགོས་ལ་སྔར་ལས་ཀྱང་རྒྱས་དགོས།
བདག་གི་མ་ཡུམ་སློབ་གླིང་ཁམས་འཇམ་དབྱངས་བློ་འཕེལ་སློབ་གླིང་
ཁྱེད་ཉིད་ཁྲི་ལོར་ནས་ཁྲོ་ལོར་བརྟན་པར་ཤོག།
བོད་ཟླ་ ༩ བའི་ཚེས་ ༢༣ ལ་སློབ་མིང་འཛིན་པ་ཉི་མ་བཀྲ་ཤིས་ནས་གུས་ཕུལ།
࿑ངའི་མ་ཡུམ་གླིང་ག
མེ་ཁམས་དམར་པོ།
དེ་རིང་ནམ་མཁའ་ན་སྤྲིན་གྱི་མེ་ཏོག་ཞིག་རྣམ་པར་བཞད་འདུག་ དེ་ནི་ངའི་སེམས་ཀྱི་མཆོད་པ་རེད།
རེད་ལགས་བདག་སེམས་ཀྱི་དག་ཞིང་མི་ཡུལ་གྱི་མཛེས་སྡུག་
ངའི་མ་ཡུམ་གླིང་ག་ དེ་ན་ཐོས་མ་མྱོང་བའི་ལོ་རྒྱུས་ཡོད་ལ་
དེ་ན་ཚོལ་མ་མྱོང་བའི་རིག་གནས་འང་ཡོད་
ངའི་མ་ཡུམ་གླིང་ག་ ཁྱེད་ནི་མཛེས་ཞིང་བལྟ་ན་སྡུག་པའི་སྐྱེད་ཚལ་ཞིག་དུ་མེད་ན་འང་།ཁྱེད་ཀྱི་གླིང་ག་ན་མཛེས་སྡུག་དང་ཤེས་རིག་
གི་མེ་ཏོག་ཆེན་པོ་ཞིག་ཀྱང་གཞད་འདུག་
དེ་ནི་ང་ཚོ་ལ་རིན་ཐང་བརྗོད་དུ་མེད་པའི་མི་རབས་ཞིག་གི་
ལོ་རྒྱུ་ཡང་ཡིན་སྲིད།
མ་ཡུམ་གླིང་ག་ ང་ཚོ་ནི་ཁྱེད་ཀྱི་པང་ན་ཡོད་ལ་
ཁྱེད་ནི་ང་ཚོའི་མ་འོངས་པའི་ལམ་སྟོན་དེ་རིང་གི་དགེ་རྒན་
ཡང་ཡིན།
ང་ཚོ་སྟེ་ཤེས་རིག་གི་རྟ་མཆོག་གཞོན་ནས་མ་འོངས་པའི་ལམ་ཁ་གསལ་བ་ཞིག་བསྐྲུན་དགོས་ལ།།
ང་ཚོ་སྟེ་མུན་གན་གི་ཐང་ཆེན་འདི་ནས་གོམ་པ་མདུན་དུ་སྤོས་སྟེ་དུས་རབས་གསར་བ་འཇུགས་དགོས།།
ང་ཚོ་སྟེ་དགོད་པོ་ལྟ་བུའི་གཤིགས་ཟུང་མེད་ན་འང་དུས་གཏན་དུ་ནམ་མཁར་བསྐྱོད་དགོས།།
ང་ཚོ་སྟེ་བདག་སེམས་ཀྱི་མཆོད་པ་གཙང་མོ་དེ་ཁྱེར་ནས་ཕ་མ་དང་དགེ་རྒན་ལ་བཀའ་དྲིན་བརྗོད་དུ་འང་འགྲོ་དགོས།།
ང་ཚོའི་སེམས་ནང་གི་དམ་བཅའ་དེ་རི་རྒྱལ་ལས་བསྟན་དགོས་ལ།
ཆུ་བོ་ལས་རྒྱུན་རིང་དགོས་ དེ་ཕྱིར་ང་ཚོའི་གོམ་པ་མདུན་དུ་སྤོ་ཡ།
སློབ་གྲོགས་ཚོ།
࿑སྐྱིད་པའིི་མི་ལོ་བརྒྱད་ལ་ཕྱིར་དྲན།
སེམས་ཀྱི་ཤོགས་ཟུང་དེ་རིང་བར་དུ་བསྐྱང་ནས།།
ལོ་ཟླའི་མཁོར་མོ་དེ་ཉིན་ཉིན་འདས་སོང་།།
གོམ་ཁ་གཅིག་ལ་་སྤོ་བའི་དེ་རིང་།།
ཕྱིར་སོང་བྱས་ན་ཅི་ཙམ་ལོན་འདུག།
ལོ་ཟླའི་འཁོར་སྐྱོད་ཀྱི་བར་ཐག་ཀུན་པོ།།
ཅི་ཙམ་སོང་ཡང་ནི་མི་ཚེའི་སྐྱིད་ཅིག།
ཁ་ཕྱོགས་གཅིག་པའི་ན་ཟླ་དང་སྤུན་གྲོགས།།
མི་ལོ་བརྒྱད་ཀྱི་ཕྱིར་དྲན་དེ་དེ་རིང་།།
དགེ་རྒན་དམ་པའི་བརྩེ་བའི་དྲོད་ཐིག་དང་།།
ལྷག་བསམ་གཙང་མའི་བཞག་པའི་ཕྱག་རྗེས་འདི།།
ལོ་ངོ་བརྒྱད་ཀྱི་རྣམ་དཀར་བྱ་བ་དེ།།
སློབ་གླིང་འདི་ཡི་རྗེས་དྲན་རིང་མོ་འབྲི།།
དགུ་བ་ཉེར་གཉིས་སེམས་ཀྱི་དུས་ཚིག་སྙན་མོ་ཞིག།
ཉིན་མོ་དེ་ནི་མདུན་བསྐྱོད་དུས་བཟང་སྐལ་བཟང་རེད།
སེམས་ཀྱིས་མི་འབོར་བརྗེད་མེད་བྲག་སྐོས་རི་མོ་ཡིན།།
ལོ་ངོ་བརྒྱད་འདི་རིན་ཐང་ལྡན་པའི་འཚོ་བ་ཤིག།
2017ཟླ9ཚེས22ཉིན་་་སློབ་མིང་བ་ཚག་ལྕེ་འམ་དགའ་སྤྲོ་ནས>
࿑མ་ཡུམ་སློབ་གླིང་ལ་ཕུལ
མུན་ནག་སྟུག་པོ་ཆེ་བའི་འཇིག་རྟེན་གྱི་ཁམས་ན།།
དུས་བཞིའི་མུན་པ་གསལ་བའི་རྟ་བདུན་གྱི་དབང་པོས།།
འཛམ་གླིང་གཡས་སྐོར་རྒྱབ་ནས་བྷོ་ཊ་ཡི་ལྗོངས་འདིར།།
ཁྲ་ཆུང་མིག་གི་དབང་པོའི་ལམ་སྣེ་ཞིག་རྙེད་ཡོད།།
ཁྲ་ཁྲ་ཟང་ཟང་ཆེ་བའི་མི་ཡུལ་གྱི་ཁམས་ན།།
ལེགས་པའི་ལམ་ཁ་གཏེར་མཁན་མཚུངས་བྲལ་གྱི་དགེ་རྒན།།
ཤེས་མེད་གླང་རྫི་རྒན་པོ་ལམ་ཁ་དེ་སྒྱུར་ནས།།
ཡ་ཆུང་གངས་དཀར་སེམས་ལ་སྤྲོ་སྣང་ཞིག་ཐོན་ཡོད།།
སྔོན་བྱོན་མེས་པོ་དག་གི་མཛད་རྗེས་ཀྱི་ཁྲོད་ན།།
ལྷ་ཆོས་མི་ཆོས་གཙང་མའི་སྤྲོལ་བཟང་ཞིག་ཡོད་དེ།།
མེས་པོ་གོང་མ་དག་ཀྱང་ཞིང་ཁམས་ལ་གཟིགས་ཀྱང་།།
སྲོལ་དེ་མི་འགྱུར་རི་རྒྱལ་ལྷུན་པོ་བཞིན་བརྟན་ཡོད།།
གངས་ཅན་བོད་ལ་མི་བུ་རླབས་ཆེན་གྱི་ཡང་རྩེས།།
དབྱངས་གསལ་སོ་བཞིའི་སྡེབ་སྦྱོར་ང་ཚོ་ལ་བསྩལ་ཡོད།།
དགེ་རྒན་དམ་པའི་སྐུ་གསུང་ཐུགས་རྒྱུད་ཀྱི་དྲིན་ལས།།
མ་མཉམ་སྟོན་ཁའི་དྲི་མེད་དུང་ཟླ་བཞིན་གསལ་ཡོད།།
བཀའ་དྲིན་གཏིང་མཐའ་བྲལ་བའི་ལྷག་བསམ་གྱི་གསོན་པོ།།
དུང་སེམས་བྲག་ལས་བརྟན་པའི་གཤེས་འཇམ་གྱི་སློབ་གྲོགས།།
ལོ་འཁོར་བརྒྱད་ལ་སླེབ་པའི་དུས་དྲན་གྱི་ཉིན་མོར།།
ཁ་མིན་སྙིང་ཁུང་གཏིང་ནས་ཁྱེད་ཅག་ལ་ཕུལ་ལོ།།
ཞེས་པ་འདི་ཁམས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་དབུ་ཚུགས་ནས་ལོ་འཁོར་བརྒྱད་ལོན་པའི་དུས་དྲན་ལ་་་་་་སློབ་མིང་འཛིན་པ་་་རྣམ་ཚེ་འམ་་་་་ཁྭ་ཏ་ནས།