ཚིག་གི་རྡེའུ་སྤུངས་པ། 【སྙན་ངག】
རི་བོ་ཆེ།——རྨོངས་སད།
༡༡
སྲིད་པའི་རི་སྒང་འདི་ནས་ཕར་ལ་བལྟས་པས།།
མི་རྟག་དུས་ཀྱིས་ཟིན་པའི་རླུང་བུ་ལྡང་བྱུང་།།
མེ་ཏོག་རེ་རེའི་འདབ་མ་ས་ལ་གདབ་ཅིང་།།
ལྗོན་པའི་ལོ་འདབ་ཁ་དོག་གཞན་དུ་བསྒྱུར་སོང་།།
༡༢
སྟོན་ཀའི་རི་ཚོགས་དག་ལ་ཉམས་ཀྱིས་བལྟས་ན།།
སྣང་བ་སེམས་ཀྱི་འཆར་སྒོ་དུབ་དུབ་གྱུར་ཡོང་།།
ཡལ་ག་ལོ་འདབ་རེ་རེའི་མགོ་བོ་དུད་དེ།།
སྐྱོ་བ་ས་རུ་ཟག་པ་ཁྱེད་ཚོའི་ཨེ་མཐོང་།།
༡༣
སྟོན་ཀ་སྟོན་ཀ་ཟེར་བ་སྡུག་ཡུས་མ་ཡིན།།
ནམ་ཟླ་དུས་ཀྱི་འགྲོ་ལུགས་སྔར་བཞིན་ཡིན་འདུག།།
མཛེས་བྱེད་རྒྱན་ཆ་བྲལ་བའི་སྡོང་རྒན་གྱོང་པོ།།
དྲུག་ཅུ་གཉའ་ནས་མནན་པའི་ཚུགས་ཀ་ཡིན་ནམ།།
༡༤
བརྗིད་ཆགས་སྟོན་རིའི་མགུལ་གྱི་སྤང་ཟེ་དེ་ནས།།
ཐང་དཀར་ས་རུ་བབ་ནས་ཉི་མར་འདེ་དུས།།
རྩི་ཐོག་ཡུ་བ་རྒས་ནས་སྨྲེང་བ་དམ་དུམ།།
ས་མཐའི་རླུང་གིས་ཁྱེར་བ་ཁྱེད་ཀྱི་ཨེ་ཐོས།།
༡༥
རི་བོའི་སྒང་གཤོང་བར་ནས་འཕྲེད་དུ་ཉལ་བའི།།
གོམ་ཁ་སྒྱིད་ལུགས་འདྲེས་པའི་གཙང་ཆབ་སྔོན་མོ།།
དལ་བ་དལ་བུའི་རྒྱུ་བའི་ངང་ཚུལ་ཅན་པོ།།
ཆུ་མགོ་རྒྱབ་ཏུ་ལུས་པའི་གདུང་བ་ཡིན་འགྲོ།།
༡༦
ལོ་ཟླའི་བང་རིམ་འོག་གི་ཁང་རྒན་རལ་བོ།།
བད་ཀ་ཆར་ཆུས་ཟོས་ནས་ཡུན་རིང་འགོར་འདུག།
སྟོན་ཀའི་ཟླ་བའི་འཁྲིས་ཀྱི་སྨིན་དྲུག་ཁྲ་མོ།།
ཁང་རྒན་རལ་བོ་འདི་ལ་ཞེན་ཆགས་མ་མཛད།།
༡༧
ཉི་ཟླའི་འོད་ལ་རྫུ་བའི་སྤང་རྒྱན་མེ་ཏོག།
སེམས་ཀྱི་སྤང་ལྗོངས་གཞུང་ནས་ལྡེམ་ལྡེམ་མ་གཡོ།།
སྟོན་གྱི་བ་མོའི་ཁྱོད་ལ་གནོད་པ་མེད་ཀྱང་།།
དགུན་ཀྱི་ཁ་བའི་གྲང་ངད་རྒྱབ་ཏུ་ལུས་ཡོད།།
༡༨
ནམ་ཟླ་འཁྱག་ཏུ་འགྲོ་བའི་དུས་ཀྱི་གསེང་ནས།།
རྒྱང་རིང་ས་མཐའི་ཡུལ་གྱི་གསང་བའི་འཕྲིན་པ།།
ཁྲུང་ཁྲུང་མགུལ་དུ་བཏགས་ནས་གཞན་ལ་བསྐུར་མཁན།།
ཡིད་ཀྱི་ཀློང་དུ་འཁྱིལ་བའི་མཚེའུ་མ་རེད།།
༡༩
གདོང་ལ་གྲང་བ་སྦྱིན་པའི་སྟོན་གྱི་རླུང་བུ།།
ཤུར་ཤུར་ལྡང་བཞིན་ལུས་ཀྱི་བ་སྤུ་མ་གཡོ།།
སེམས་ཁམས་འཁྱགས་པ་འདི་ལ་ཕོག་ཐུག་སོང་ན།།
བྲང་གཞུང་མེ་ལ་གསོས་ཀྱང་ཡོང་ས་མ་རེད།།
༢༠
སྒེའུ་ཁུང་ནང་ནས་སྒོར་སྒོར་ཟླ་བ་མཐོང་དུས།།
རྡུལ་དང་བྲལ་བའི་སེམས་ཀྱི་བར་སྣང་ཁམས་སུ།།
སྣང་བའི་མཚོན་དང་རྟོག་པའི་སྨྱུ་གུ་ཐོག་ནས།།
ལག་པ་གཡོན་མས་ཁྱེད་ཀྱི་ཞལ་རས་བྲིས་ཡོད།།
2021/10/3 མུ་འགོད་ཁག་གཉིས་པ།